ལིས་ཆང་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས།
2023.03.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 106


ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས།

ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཆང་དཔལ་འབྱོར་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚན་ཁག་གི་ཚོགས་འདུར་ཞུགས། ཚོགས་ཐོག་ནས་ཨུ་ཡོན་མཱ་ཅན་ཐང་དང་ཁྲིན་ཀྲི་ཧྭ། ཧྲི་ལེ་སོགས་ཀྱི་གཏམ་བཤད་ལ་ཉན་རྗེས། ལིས་ཆང་གིས་གསུངས་རྒྱུར། འདས་པའི་ལོ་ལྔ་ནི་རྒྱུན་ལྡན་མིན་པ་དང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན་ལ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས་ཡོད། དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་མགོ་ཁྲིད་བྱས་པའི་མཇུག་འབྲས་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པར་མཛུབ་ཁྲིད་བྱས་པའི་མཇུག་འབྲས་ཡིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་མཇུག་འབྲས་ཀྱང་ཡིན། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། སྔར་ལས་བློ་རྩ་བརྟན་ཞིང་རང་རྟོགས་སྒོས་སྲུང་སྐྱོང་གཉིས་སྒྲུབ་དགོས་ལ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། ལིས་ཆང་གིས་བསྟན་དོན། ད་ལོར། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་སོང་བ་བཟང་ནའང་། མདུན་དུ་ལྷགས་པའི་དཀའ་ཁག་དང་འགྲན་རྩོད་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་སྔར་ལས་མི་ཉུང་བ་གནས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ཆེ་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། འཕར་སྣོན་བརྟན་འཇགས་དང་ལས་ཞུགས་བརྟན་འཇགས། དངོས་གོང་བརྟན་འཇགས་བཅས་ཀྱི་བྱ་བ་གཙོར་བཟུང་ནས་བཟང་བོར་སྒྲུབ་པ་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱི་ཡོངས་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། ཧུར་ཐག་སྒོས་ལོ་ཧྲིལ་བོའི་འཕེལ་རྒྱས་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་དགོས། ཕྱོགས་བསྡུས་ཇུས་བསྟར་བྱས་ནས་ནུས་ལྡན་དགོས་མཁོ་རྒྱ་བསྐྱེད་དེ། དགོས་མཁོ་ཡིས་མཁོ་འདོན་ལ་སྣེ་ཁྲིད་བྱེད་པ་དང་མཁོ་འདོན་གྱིས་དགོས་མཁོ་གསར་སྐྲུན་བྱེད་པ་མངོན་འགྱུར་བཟང་བོ་བྱེད་དགོས། ཤུགས་ཆེན་པོས་བཅོས་སྒྱུར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་མྱུར་དུ་གསར་སྐྲུན་བྱས་ནས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། ཉེན་ཁ་འགོག་སེལ་དང་ཐག་གཅོད་བྱ་བ་བཟང་བོར་སྒྲུབ་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས།

                                                                                                                       བཀྲ་ཤིས་འབུམ་གྱིས་བསྒྱུར།