ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་བིས་མདོ་གནའ་མཁར་རྗེས་ཤུལ་དེ་རྒྱལ་ཁབ་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་འཇོག་རྒྱུའི་གྲོས་གཞི་བཏོན།
2023.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 74

མཚོ་སྔོན་བིས་མདོ་མནའ་མཁར་ནི་ཡོན་རྒྱལ་རབས་ནས་བཟུང་རྒྱལ་ཁབ་དམག་སྲིད་ས་སྲུང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཆེས་རྩ་ཆེ་བའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་བཞག་ཞིག་ཀྱང་ཡིན་པས། དམིགས་བསལ་གྱི་ཆབ་སྲིད་དོན་སྙིང་དང་ལོ་རྒྱུས་རིག་གནས་ཀྱི་རིན་ཐང་ལྡན། དེར་བརྟེན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གྲོས་གཞི་སྤྲད་དེ། མཚོ་སྔོན་བིས་མདོ་གནའ་མཁར་རྗེས་ཤུལ་དེ་རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་འཇོག་རྒྱུའི་གྲོས་གཞི་བཏོན་ཡོད།

གྲོས་གཞིའི་ནང་བཤད་དོན། བིས་མདོ་གནའ་མཁར་ནི་ཡོན་རྒྱལ་རབས་སྐབས་མཚོ་བོད་ས་ཁུལ་གྱི་འབྲེལ་གནས་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཀྲུང་དབྱང་སྲིད་གཞུང་གིས་བོད་ལྗོངས་ལ་ཕྱོགས་ཡོངས་ཀྱི་དོ་དམ་ལག་བསྟར་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་བདེན་དཔང་བྱས་ཡོད་ལ། བོད་ལྗོངས་ནི་ཀྲུང་གོའི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པ་བདེན་དཔང་བྱས་ཡོད། དེ་ལྟ་བུའི་དམིགས་བསལ་གྱི་ལོ་རྒྱུས་རིག་གནས་རིན་ཐང་ལྡན་པས། གཅིག་དགུ་གྱ་བརྒྱད་ལོར་བིས་མདོ་གནའ་མཁར་རྗེས་ཤུལ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་གྲས་སུ་བཞག   ཉེ་བའི་ལོ་འདི་འགའི་རིང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་རྒྱལ་སྤྱིའི་སྟེང་ཡོན་རྒྱལ་རབས་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཆེད་ལས་མཁས་པས་ཀྱང་དོ་སྣང་བྱེད་ཀྱིན་ཡོད། བིས་མདོ་གནའ་མཁར་རྗེས་ཤུལ་ཞིབ་འཇུག་དང་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ནས། བོད་ལྗོངས་ནི་ཀྲུང་གོའི་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་པའི་ལོ་རྒྱུས་བདེན་དཔང་དང་། ཕྱི་ཕྱོགས་ལ་ཀྲུང་གོའི་མི་རིགས་སོ་སོའི་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་བཟང་པོར་འཆད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན།

མགོན་པོ་བཀྲ་ཤིས་ཀྱིས། བིས་མདོ་གནའ་མཁར་རྗེས་ཤུལ་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏན་ཁེལ་བྱས་ནས།  བིས་མདོ་གནའ་མཁར་རྗེས་ཤུལ་དུ་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱ་བ་སྤེལ་བ་དང་། ཆེད་ལས་མཁས་པ་རྩ་འཛུགས་བྱས་ཏེ་གནའ་མཁར་གྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་སྣེ་མང་གཅིག་འདུས་དང་། མཉམ་འདྲེས་དཀྱེལ་ཡངས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་ལོ་རྒྱུས་རིག་གནས་གསལ་བོར་མཚོན་དགོས། བིས་མདོ་གནའ་མཁར་གྱི་རྣམ་པ་བསྐྱར་གསོ་བྱ་བར་དམིགས་ནས།  ས་གནས་དེ་གའི་མིང་གྲགས་མནའ་ཤུལ་དང་། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་དགེ་བཤེས་ཤེས་རབ་རྒྱ་མཚོ་མཆོག་གི་རྗེས་དྲན་ཁང་། ནུབ་ལམ་དམག་གི་དམར་པོའི་རིག་གནས་རྗེས་ཤུལ་སོགས་སྡེབ་སྒྲིག་བྱས་ཏེ། ཚན་རིག་དང་མཐུན་པའི་བཀོད་པ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་རྟེན་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་བསྐྲུན་པ།  ལོ་རྒྱུས་རིག་གནས་ཀྱི་ཉིང་བཅུད་གཏིང་ཟབ་པའི་མཐོ་སྒང་མི་གཞུང་མཛེས་ལྗོངས་བསྐྲུན་ཏེ།  བིས་མདོ་གནའ་མཁར་རྗེས་ཤུལ་གྱི་སེམས་པ་ཀྲུང་ཧྭར་ཕྱོགས་པ་དང་། གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྒྱལ་གཅེས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་སོགས་ཀྱི་གྲོས་གཞི་བཏོན།

རིག་འཛིན་སྒྲོལ་མས་བསྒྱུར།