ཨུ་ཡོན་ཝང་ཁུན་གྱིས་མཚོ་སྔོན་དུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
2023.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 101

བོད་ལུགས་གསོ་རིག་གི་ལོ་རྒྱུས་རྒྱུན་རིང་ལ། དེ་ནི་མེས་རྒྱལ་གྱི་མི་རིགས་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། བོད་ལུགས་གསོ་རིག་ལ་མདོ་དབུས་མཐོ་སྒང་གི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་ཐོབ་ཡོད་ཅིང་། མཐོ་སྒང་གི་མི་དམངས་ཀྱི་བདེ་ཐང་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། དེའི་ཕྱིར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཝང་ཁུན་གྱིས་མཚོ་སྔོན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བསྟན་དོན། མཚོ་སྔོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་ནི་དཔལ་འབྱོར་འཕེལ་རྒྱས་ཞན་པའི་ས་ཁུལ་དུ་གཏོགས་པ་དང་བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚད་བཀཀ་ཐེབས་པ་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་རྒྱུ་ཧ་ཅང་གལ་ཆེ། དུས་རབས་གསར་བའི་ནང་མཚོ་སྔོན་སོགས་ས་ཁུལ་དུ་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། བོད་ལུགས་གསོ་རིག་གི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། བོད་ལུགས་གསོ་རིག་གི་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཆེ།

ཝང་ཁུན་གྱིས་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལྟེ་གནས་དེ་རྒྱབ་ཁབ་གསོ་རིག་ལྟེ་གནས་ཀྱི་འཆར་འགོད་ཁྲོད་འཇོག་པ་དང་། བོད་ལུགས་གསོ་རིག་གི་གཞི་གྲངས་ཆེན་མོའི་ལྟེ་གནས་སོགས་གསར་གཏོད་ཞིབ་འཇུག་གི་སྟེགས་བུ་བཙུགས་ནས་བོད་ལུགས་གསོ་རིག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་བྱེད་རྒྱུ་དང་། དུས་རིམ་སྔོན་མའི་གྲ་སྒྲིག་བྱ་བ་ལེགས་པར་བསྒྲུབ་ནས་སྤུས་ཚད་མཐོ་བའི་བོད་ལུགས་གསོ་རིག་གི་ཐོན་ཁུངས་མཁོ་སྤྲོད་རྒྱ་བསྐྱེད་དེ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལྟེ་གནས་དེ་ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་གཙོ་བོའི་ཚུལ་སྒྱུར་མཐོ་ས་དང་སྣེ་ཁྲིད་འཇོན་མི་གསོ་སྐྱོང་གི་རྟེན་གཞི་རུ་འགྱུར་བར་བྱེད་རྒྱུ། རྒྱལ་ཁབ་གསོ་རིག་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་བརྟེན་ནས་བོད་ལུགས་གསོ་རིག་གི་རྒྱུད་གཅིག་ལམ་གཅིག་འཕེལ་རྒྱས་ཀྱི་ཚོགས་པ་བཙུགས་ནས་རྐང་འཛིན་མི་སྣ་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ། བོད་ལུགས་གསོ་རིག་གི་རྒྱལ་སྤྱིའི་མཉམ་འབྲེལ་ཆེད་དོན་བཟོ་སྐྲུན་ལག་བསྟར་བྱས་ནས་བོད་ལུགས་གསོ་རིག་གི་འཕེལ་རྒྱས་ལོ་རྒྱུས་དང་རིག་གནས་བརྒྱུད་སྒྲོག་དང་དྲིལ་སྒྲོག་བཟང་པོ་བྱས་ནས་རྒྱལ་སྤྱིའི་ཤུགས་རྐྱེན་མུ་མཐུད་མཐོར་འདེགས་སུ་གཏོང་རྒྱུའི་གྲོས་གཞི་བཏོན།

མི་ཕམ་མགོན་པོས་བསྒྱུར།