ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པར་སོང་ནས། འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚེས་བདུན་ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་ནས། འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་བྱས།
མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། མཚོ་སྔོན་འཐུས་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཞིབ་ལ་ཞུགས།
ཝང་ལིས་མེན་དང་བསོད་ནམས་བསྟན་འཛིན། ཞུས་ཆིན་མེན་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། ཚའེ་ཆི་ཡིས་ཚང་མས་གཏམ་བཤད་པར་གསན་པར་མ་ཟད། འཐུས་མི་ཚོ་དང་བརྗེ་རེས་བྱས། ཚའེ་ཆི་ཡིས་བསྟན་དོན། ཙུང་ལི་ལིས་ཁི་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུ་ཡིས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་མཚོན་པར་བྱས་ཡོད། སྲིད་གཞུང་བྱ་བའི་སྙན་ཞུ་དང་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་ཧ་ཅང་འཐད་པ་ཡིན།
ཚའེ་ཆི་ཡིས་བསྟན་དོན། འདས་པའི་ལོ་ལྔ་ནི་ཆེས་སྤྱིར་བཏང་མིན་པ་དང་ཆེས་རྒྱུན་ལྡན་མིན་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་མོར་གཅིག་འདོམས་བྱས་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། ཡུན་རིང་བོར་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཆེན་པོ་བླངས། ལྷག་པར་དུ་ལོ་རྒྱུས་རང་བཞིན་ལྡན་པའི་སྒོ་ནས་ཧ་ཅང་དབུལ་ཕོངས་ཡིན་པའི་གནད་དོན་ཐག་བཅད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་ལ། མིའི་རིགས་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་མི་གྲངས་མང་བའི་རྒྱལ་ཁབ་ཆེན་མོས་རིམས་ནད་ལ་རྒྱལ་ཁའི་ངང་འགོག་རྒོལ་བྱས་པའི་མཚར་སྡུག་གི་གྲུབ་འབྲས་བསྐྲུན་པ་དང་། མི་རིགས་བསྐྱར་དར་གྱི་སྐྱོད་ལམ་ཁྲོད་མཚར་སྡུག་ལྡན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད། གྲུབ་འབྲས་དེ་དག་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས་བླངས་པ་ཡིན་ལ། ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་སྣེ་ཁྲིད་ལ་རག་ལས་པས། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ཏེ། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་བྱེད་དགོས།
ཚའེ་ཆི་ཡིས་མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་སྟོབས་ཤུགས་འབུལ་དགོས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ཕྱོགས་ཡོངས་ནས་རྒྱུས་ལོན། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་སྟེང་ཤུགས་བཏོན་ནས། རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་བ་དང་སེམས་ཁོང་དུ་ཐིམ་པར་བྱེད་དགོས། ཆུ་དྭངས་རི་ལྗང་གསེར་དངུལ་རི་ལས་ལྷག་པ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཏུ་ལེན་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བྱེད་པ། ཚན་རྩལ་གསར་གཏོད་རྒྱབ་རྟེན་དུ་བྱེད་པ། སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རྒྱུན་འཁྱོངས་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེདགཏོང་བ། དམངས་ཚིས་ཐད་ཀྱི་མི་འདང་སར་རིམ་པ་བཞིན་ཁ་གསབ་བྱས་ཏེ། བློ་སེམས་རྩེ་གཅིག་གིས་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བར་སྲུང་སྐྱོབ་བྱེད་དགོས། སྤུས་ལེགས་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་རྒྱ་བསྐྱེད་དེ། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྣེ་ཁྲིད་དུ་བྱས་ནས་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། བརྟག་བཤེར་ཞིབ་འཇུག་གི་སྲོལ་བཟང་དར་སྤེལ་བཏང་ནས། བྱ་སྤྱོད་འཛུགས་སྐྲུན་དམ་འཛིན་ལྷོད་མེད་བྱེད་དགོས། ངེས་པར་དུ་གསུམ་ཡིད་ལ་དམ་པོར་འཛིན་པ་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་དུ་བསྐྱོད་དགོས་པའི་རེ་བ་བཏོན།
ཁྲིན་ཀང་གིས་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཕྱོགས་ཡོངས་བཞིའི་འཐབ་ཇུས་གྲུབ་ཚུལ་གྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་ན། ངེས་པར་དུ་ཁྲིམས་འཛུགས་པ་གཙོར་འཛིན་དགོས། ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་ཆབ་སྲིད་ཀྱི་རྩ་དོན་འབུར་དུ་ཐོན་པར་བྱས་ལ། མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་བྱས་པ་དང་བཅོས་སྒྱུར་གྱི་དགོས་མཁོ་དང་མཐུན་ལ། རྩ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་རྒྱལ་ཁབ་སྐྱོང་བར་ཧ་ཅང་མཐོང་ཆེན་བྱེད་པ་མཚོན་ལ། ང་ཚོའི་ཏང་གིས་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད་པས། ང་རང་ཧ་ཅང་འཐད་པ་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ང་གཉིས་གཏན་འབེབས་བྱས་ལ། བཅའ་ཁྲིམས་ཁྲིམས་སྲོལ་བརྒྱ་དང་བདུན་ལ་བཟོ་བཅོས་བྱས་ཤིང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག་དང་གཅིག་སྤྱོད་སྲོལ་ཡིག་བརྒྱ་དང་སོ་བརྒྱད་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད། ལྷག་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐུལ་སྤེལ་སྲོག་ཡིག་དེ་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཁྲིམས་འཛུགས་ཀྱི་མདུན་གྲས་སུ་བསྐྱོད་བཞིན་ཡོད་པ་དང་། ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཆའི་སྲུང་སྐྱོབ་སྲོལ་ཡིག་གིས་ཨ་ཆེན་གངས་རྒྱབ་རང་བྱུང་ཤུལ་བཞག་ས་ཆའི་ཁྲོད་འཇོག་པར་ནུས་པ་གལ་ཆེན་བཏོན་ལ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག་སྔོན་དུ་ཚོད་ལྟ་བྱས་ཏེ། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ཐད་ཕན་ཡོད་འཚོལ་ཞིབ་འདོན་སྤྲོད་བྱས། གོ་རིམ་རྗེས་མར། ང་ཚོས་ཁྲིམས་འཛུགས་བཅའ་ཁྲིམས་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་གྱི་གནས་ཚུལ་དངོས་གཙིགས་སུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་ཆོས་ལུགས། དག་གཙང་ནུས་ཁུངས། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།
ཝང་ལིས་མེན་གྱིས་བཤད་རྒྱུར། ཁྲིམས་འཛུགས་བཅའ་ཁྲིམས་ནི་རྒྱལ་ཁབ་ཁྲིམས་འཛུགས་ལམ་ལུགས་དང་ཁྲིམས་འཛུགས་བྱ་སྤྱོད་ཚུལ་ལྡན་དུ་གཏོང་བའི་བཅའ་ཁྲིམས་གལ་ཆེན་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་སྤྱི་ཚོགས་རིགས་ལུགས་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོར་འགན་སྲུང་དང་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ལྡན། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་ལེགས་སྒྱུར་བྱེད་པ་དེས། བབ་བསྟུན་མདུན་སྐྱོད་ཀྱི་དུས་རབས་ཀྱི་རེ་བ་དང་ཁག་ཁུར་འགན་བསྟར་གྱི་ཁྲིམས་འཛུགས་རྣམ་འགྱུར་མཚོན། ཁྲིམས་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་གྱི་ཆབ་སྲིད་ཀྱི་ལངས་གནས་མཐོ་བ་དང་རྩ་ཁྲིམས་འདུ་ཤེས་བརྟན་ལ། གནད་དོན་གྱི་ཁྲིད་ཕྱོགས་གསལ་བ་དང་བཅོས་སྒྱུར་དང་འཕེལ་རྒྱས་ལ་འགན་སྲུང་བཟང་བོ་བྱས་ཡོད་པས། ང་རང་ཧ་ཅང་འཐད་པ་ཡིན། མིག་སྔར། རང་རྒྱལ་གྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་རྨང་གཞི་རང་བཞིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ད་དུང་ཆ་མི་ཚང་བ་དང་། ནུས་ཁུངས་ཐད་ཀྱི་ཁྲིམས་འཛུགས་ལ་ཤུགས་བསྣན་ནས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེ་བས། རྒྱལ་ཁབ་ཀྱིས་མྱུར་དུ་དག་གཙང་ནུས་ཁུངས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཕན་པའི་ནུས་ཁུངས་བཅའ་ཁྲིམས་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐཱན་གཉིས་ཀྱི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཐད་ཤུགས་དང་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་པ་དང་། དེ་དང་མཉམ་དུ། མཚོ་སྔོན་གྱིས་ཀྱང་སྔོན་དུ་ཚོད་ལྟ་བྱེད་པ་དང་། དག་གཙང་ནུས་ཁུངས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག་སོགས་འབྲེལ་ཡོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་པ། གློག་ཁུངས་འཛུགས་སྐྲུན་དང་གློག་དྲའི་སྒྲོམ་གཞི་འཐུས་ཚང་དུ་གཏོང་བ། ཐོན་ལས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ། གསོག་ནུས་འཕེལ་རྒྱས་སུ་གཏོང་བ་སོགས་བྱེད་ཐབས་སྤྱད་དེ། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་པ་དང་སྐུལ་འདེད་བཏང་ནས། རྒྱལ་ཁབ་ནུས་ཁུངས་ཀྱི་ཁྲིམས་འཛུགས་ཐད་ཉམས་མྱོང་དང་དཔྱད་གཞི་འདོན་སྤྲོད་བྱེད་རྒྱུ་ཡིན།
རིན་ཆེན་མཚོས་བསྒྱུར།