ཟླ་གསུམ་པའི་ཚེས་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཀྲའོ་ལི་ཅི་སོ་སོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཞང་ཀང་འཐུས་ཚབ་ཚོགས་པ་དང་ཨོ་མིན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ཁྲོད་ཞུགས། ཞང་ཀང་དང་ཨོ་མིན་གྱི་རྒྱལ་ཡོངས་འཐུས་མིས་གཏམ་བཤད་པར་གསན་རྗེས། ཀྲའོ་ལི་ཅི་ཡིས་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་བླངས་ཡོད་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་བརྒལ་གཏོར་རང་བཞིན་གྱི་འཕེལ་རྒྱས་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ནས། ཞང་ཀང་ཟང་ཟིང་ནས་བཅོས་སྐྱོང་དང་བཅོས་སྐྱོང་ནས་དར་རྒྱས་ཀྱི་དུས་རིམ་གསར་བ་རུ་སླེབས་ཡོད། ཞང་ཀང་དང་ཨོ་མིན་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་འཇགས་ཀྱི་ལམ་ལུགས་ལེགས་པོ་བཀོད་སྒྲིག་བྱས་ཡོད་པས། ངེས་པར་དུ་དུས་ཡུན་རིང་པོར་རྒྱུན་འཁྱོངས་བྱེད་དགོས། ཀྲའོ་ལི་ཅི་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྒྱལ་ཁའི་ལག་ལེན་དེ་ཞང་ཀང་དང་ཨོ་མིན་ནས་སྤེལ་པ་ནི། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཨོ་མིན་ཧུར་ཐག་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་ཟབ་ཞུགས་བྱས་ནས། ཁྱོན་ཡོངས་ནས་ཡང་དག་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འབད་པ་ཆེན་པོས་ཞང་ཀང་དང་ཨོ་མིན་གྱི་དར་རྒྱས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བཏོད་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་སྔར་ལས་ལྷག་པའི་ནུས་པ་འདོན་སྤེལ་བྱ་དགོས། ཀྲུང་དབྱང་གིས་ཞང་ཀང་གི་ས་གནས་ཁྱད་ཆོས་དང་དགེ་མཚན་སྲུང་འཛིན་བྱས་ནས། རྒྱལ་སྤྱིའི་དངུལ་ལོར་དང་མཁའ་འགྲུལ། ཚོང་ལས་ཀྱི་ལྟེ་བ་བཅས་རྒྱུན་འཁྱོངས་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། རང་དབང་སྒོ་འབྱེད་ཀྱི་ཚོང་གཉེར་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ནུས་ཇེ་དྲག་ཏུ་བཏང་ནས། དམངས་ཚིས་ཀྱི་དཀའ་ངལ་སེལ་ཐབས་བྱེད་ཀྱིན་ཡོད། ཞང་ཀང་སྤུན་ཟླས་བཟོད་སྒོམ་མཉམ་གནས་དང་། མཐུན་གཉེར་འགལ་སྐྱུར། འབད་བརྩོན་ལྷོད་མེད། དཀའ་ཐུབ་རྒྱལ་ཕོད་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། མཉམ་དུ་ཞང་ཀང་ལ་སྔར་ལས་མཛེས་པའི་འཚོ་བ་གསར་སྐྲུན་བྱེད་དགོས། ཨོ་མིན་གྱིས་དཔལ་འབྱོར་འོས་འཚམ་གྱིས་སྣ་མང་རང་བཞིན་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། ཧིན་ཆིན་ཀོང་ཏུང་ཨོ་མིན་མཉམ་ལས་ཟབ་སྤེལ་ཁུལ་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཨོ་མིན་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས། ཞང་ཀང་དང་ཨོ་མིན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོས་འགན་ནུས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བ་དང་། སྣེ་ཁྲིད་དེ་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་ལུགས་སྒྲིག་རིམ་དང་ཁྲིམས་སྐྱོང་གོ་རིམ་ལ་སྲུང་སྐྱོབ་བྱེད་དགོས་ལ། རྒྱལ་གཅེས་ཀང་གཅེས་དང་རྒྱལ་གཅེས་ཨོ་གཅེས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས།
སྐལ་བཟང་རྣམ་རྒྱལ་གྱིས་སྒྱུར།