ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་བསྡུས་ནས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས་པར་མ་ཟད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི་སྐོར་གྱི་གསལ་བཤད་ལ་ཉན།
ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་ཚོགས་འདུར་ཞུགས།
ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་ཅིང་། འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་གསུམ་ཚོགས་འདུར་ཞུགས་ཡོད་ལ། འཐུས་མི་སོ་བཞི་ཚོགས་འདུར་ཞུགས་མེད། ཚོགས་ཞུགས་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལིས་ཧུང་ཀྲུང་གིས་ཚོགས་འདུར་འགོ་འཛིན་བྱས།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ།
ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་ལས་བསྟན་དོན། འདས་ཟིན་པའི་ལོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས། སྤུས་ཚད་མཐོ་བའི་སྒོ་ནས་ཁྲིམས་འཛུགས་ལས་དོན་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། བཅའ་ཁྲིམས་ལྔ་བཟོས་པ་དང་བཅའ་ཁྲིམས་དགུ་ལ་བཟོ་བཅོས་བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་གྱི་གཏན་འབེབས་བཞི་ལ་གྲོས་འཆམ་བྱུང་བ། བཅའ་ཁྲིམས་ཀྱི་འགྲེལ་བཤད་གཅིག་བྱས་པ། སྤུས་ཚད་མཐོ་བའི་སྒོ་ནས་ལྟ་སྐུལ་ལས་དོན་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བཅའ་ཁྲིམས་ལྔ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ། ལྟ་སྐུལ་བྱ་བའི་སྙན་ཞུ་ཉེར་གསུམ་ལ་གྲོས་ཞིབ་བྱས་པར་ཉན་པ། ཆེད་དོན་འདྲི་རྩད་ལས་སྒོ་སྤེལ་བ། ཆེད་དོན་བརྟག་དཔྱད་ཞིབ་འཇུག་བརྒྱད་བཅས་བྱས་ཡོད། སྤུས་ཚད་མཐོ་བའི་སྒོ་ནས་འཐུས་མིའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། འཐུས་མིའི་གྲོས་གཞི་བཞི་བརྒྱ་དང་གྱ་བརྒྱད་དང་གྲོས་གཞི་སྟོང་དགུ་དང་སུམ་བརྒྱ་ཞེ་དགུ་བསྒྲུབས་པ་དང་། འཐུས་མི་མི་ཐེངས་བརྒྱ་ལྷག་ཙམ་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ལས་དོན་ཁྲོད་ཞུགས། སྤུས་ཚད་མཐོ་བའི་སྒོ་ནས་ཕྱི་དོན་བྱ་བ་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མི་ཐེངས་སུམ་བརྒྱ་གོ་གསུམ་ཁྲིམས་ལྟར་བསྐོ་འཐེན་བྱས་ཤིང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་གཏན་འཁེལ་བྱས་པའི་ལས་འགན་ཡོངས་འགྲུབ་བྱས་ཡོད་ཅེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་ལྔའི་འགན་འཁུར་ཡུན་ནི། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ལོ་རྒྱུས་ཀྱི་རླབས་ཆེན་འཕོ་འགྱུར་དང་ཏག་ཏག་འཁེལ་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ་དང “ཡིད་རྟོན་བཞི”ཇེ་བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”སྒྲུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་ལ་ཐོག་མཐའ་བར་གསུམ་དུ་བློ་རྩ་བརྟན་པོས་སྲུང་སྐྱོབ་བྱས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བྱས་པ། དམངས་ཆེན་བྱ་བའི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་ནན་མོ་བྱས་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱི་རྗེས་སུ་དམ་པོར་བསྙེགས་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་སྐྱིད་པོ་རོལ་འདོད་ཀྱི་རེ་ལྟོས་དམིགས་འབེན་དུ་བཟུང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་དགོས་མཁོར་དམ་པོར་དམིགས་པ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་པ། འཐུས་མི་ཡོངས་ལ་དམ་པོར་བརྟེན་པ། ཁྲིམས་འཛུགས་དབང་ཆ་དང་ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་ཁྲིམས་ལྟར་བཀོལ་བ། ཏང་དང་མི་དམངས་ཀྱིས་བཅོལ་བའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཏན་ཏིག་ངང་བསྒྲུབས་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་མངག་བཅོལ་གལ་ཆེན་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བའི་དམ་བཅའ་བརྗིད་པོ་དོན་སྨིན་ཡོང་གང་ཐུབ་བྱས་ཡོད་ཅེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་ལས་ལོ་ལྔའི་རིང་ལ། རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ཞེ་བདུན་དངོས་སུ་བཟོས་པ། བཅའ་ཁྲིམས་བརྒྱ་དང་བཅུ་གཅིག་ལ་བཟོ་བཅོས་བརྒྱབ་པ། བཅའ་ཁྲིམས་ཀྱི་འགྲེལ་བཤད་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན། གནད་དོན་གལ་ཆེན་བཅས་ཀྱི་གཏན་འབེབས་གྲོས་ཆོད་ང་གསུམ་བཀོད་པ། གྲོས་ཞིབ་བྱས་ཀྱང་གྲོས་འཆམ་མ་བྱུང་བའི་བཅའ་ཁྲིམས་གྲོས་གཞི་དང་གཏན་འབེབས་གྲོས་གཞི་བཅུ་དགུ་བཟོས་པ། ལྟ་སྐུལ་བྱ་བའི་སྙན་ཞུ་དང་སྙན་ཞུ་གཞན་དག་ཐེངས་བརྒྱ་དང་གྱ་གསུམ་ལ་ཉན་ནས་གྲོས་ཞིབ་བྱས་པ། བཅའ་ཁྲིམས་དང་ཆོད་དོན་སུམ་ཅུ་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས་བཅུ་གཅིག་ལ་སྤེལ་བ། ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཁག་སོ་གསུམ་སྤེལ་བ། འཐུས་མིའི་གྲོས་གཞི་སྟོང་གཉིས་དང་ཉིས་བརྒྱ་གྱ་གཉིས་དང་འཐུས་མིའི་གྲོས་འགོ་ཁྲི་བཞི་དང་སྟོང་གསུམ་བདུན་བརྒྱ་ལྔ་བཅུ་ཡོངས་འགྲུབ་བྱས་པ། འཐུས་མིས་གྲོས་གཞི་དང་གྲོས་འགོ་སྒྲུབ་པའི་ལས་དོན་ལ་བློ་ཡིད་ཚིམ་ཚད་བརྒྱ་ཆའི་གོ་བརྒྱད་ལ་སླེབས་པ། ཆིངས་ཡིག་དང་གལ་ཆེའི་ཆོད་ཡིག་ཁག་སོ་དྲུག་ལ་ཆོག་མཆན་འགོད་པའམ་དེའི་ནང་ཞུགས་རྒྱུའི་ཐག་བཅད་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མི་ཐེངས་སྟོང་གཅིག་དང་ལྔ་བརྒྱ་བཅོ་ལྔ་ཁྲིམས་ལྟར་བསྐོ་འཐེན་བྱས་ཡོད། གཙོ་བོ་གཤམ་གྱི་ལས་དོན་ཁག་སྤེལ་ཡོད་དེ། གཅིག་ནས་རྩ་ཁྲིམས་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱས་ཏེ། རྩ་ཁྲིམས་ཀྱི་དབང་གྲགས་དང་ཟིལ་ཤུགས་ལ་སྲུང་སྐྱོབ་བྱས་པ་དང་། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་སྔར་ལས་འཐུས་ཚང་དུ་བཏང་སྟེ། ཁྲིམས་བཟང་བོར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་བཅོས་སྐྱོང་ལ་འགན་ལེན་བྱས་པ། གསུམ་ནས་རྩ་ཁྲིམས་ཀྱིས་དམངས་ཆེན་ལ་སྤྲད་པའི་ལྟ་སྐུལ་དབང་ཆ་བེད་སྤྱོད་ལེགས་པོ་བྱས་ཏེ། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་ལག་བསྟར་བྱས་པ། བཞི་ནས་དམངས་ཆེན་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དམངས་ཀྱི་རེ་འབོད་ལ་དུས་ལྟར་ཨ་ལན་བྱིན་པ། ལྔ་ནས་དམངས་ཆེན་གྱི་ཕྱི་ཕྱོགས་འབྲེལ་བའི་ལེགས་ཆ་འདོན་སྤེལ་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ། དྲུག་ནས་ཆབ་སྲིད་འཛུགས་སྐྲུན་ལ་བརྟེན་ནས་སྤྱི་འདོམས་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་བཅས་ཡིན་ཞེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་སྙན་ཞུ་ལས་ལོ་ལྔའི་རིང་གི་ལག་ལེན་ལ་བརྟེན་ནས། ང་ཚོས་དམངས་ཆེན་ལམ་ལུགས་ཀྱི་ཚན་རིག་གི་ནང་སྙིང་དང་གཞི་རྩའི་ཁྱད་ཆོས། ངོ་བོའི་བླང་བྱ་བཅས་ལ་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བྱས་ཡོད་ཅིང་། དེ་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་དང་། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་རྩ་བའི་ལས་འགན་དང་འཕེལ་རྒྱས་ཀྱི་ལམ་བུ། འབད་འཐབ་ཀྱི་དམིགས་འབེན་བཅས་རྒྱུན་འཁྱོངས་བྱེད་རྒྱུ་བཅས་ཡིན་ཞེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་མ་འོངས་པའི་ལོ་གཅིག་རིང་གི་བྱ་བར་གྲོས་འགོ་འདོན་སྐབས་བསྟན་དོན། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་གཅིག་ནི་རྩ་ཁྲིམས་ལག་བསྟར་དང་ཁྲིམས་འཛུགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། གཉིས་ནི་དམངས་ཆེན་གྱི་ལྟ་སྐུལ་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། གསུམ་ནི་འཐུས་མིའི་བྱ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། བཞི་ནི་དམངས་ཆེན་གྱི་ཕྱི་ཕྱོགས་འགྲོ་འོང་བཟང་བོར་བསྒྲུབ་རྒྱུ། ལྔ་ནི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་བཅས་ཡིན་ཞེས་བསྟན།
ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིག་ཆང་གིས་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་ལས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོར་རྒྱལ་ཡོངས་ཁྲིམས་ཁང་གི་ལས་དོན་ཁག་སོ་སོ་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་ཁྲི་གཅིག་དང་སྟོང་བརྒྱད་ལྔ་བརྒྱ་ཞེ་བདུན་བདག་སྤྲོད་བྱས་པ་དང་། གྱོད་གཞི་ཁྲི་གཅིག་དང་སྟོང་གསུམ་བདུན་བརྒྱ་གྱ་ལྔ་དངོས་སུ་བཤེར་གཅོད་བྱས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་ཆེད་དོན་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བདུན་སྟོང་བཞི་བདག་སྤྲོད་བྱས་པ་དང་། གྱོད་གཞི་བྱེ་བ་གསུམ་དང་འབུམ་བརྒྱད་ཁྲི་གཅིག་ལ་བཤེར་གཅོད་དང་ལག་བསྟར་བྱས་ཚར་བ། གྱོད་གཞི་ལག་བསྟར་བྱས་ཚར་བའི་དམིགས་འབེན་དངུལ་གྲངས་སྒོར་ཁྲག་ཁྲིག་ཆེན་མོ་དགུ་དང་ཁྲག་ཁྲིག་དགུ་ལ་སླེབས་ཡོད་ཅེས་བསྟན།
ཀྲིག་ཆང་གིས་སྙན་ཞུ་ལས་ལོ་ལྔའི་རིང་ལ། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་ལེན་ཟོལ་མེད་བཅས་བྱས་ཏེ། མི་དམངས་ཁྲིམས་ཁང་གི་ལས་དོན་ལ་འཕོ་འགྱུར་གསར་པ་དང་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། གཅིག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བདེ་འཇགས། མི་དམངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ཡོད། གཉིས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་རྒྱུར་ཁྲིམས་ལྟར་ཞབས་འདེགས་ཞུས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གསུམ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད། བཞི་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པའི་མཇུག་མཐའི་འགོག་སྲུང་འཛིང་རགས་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཡོད། ལྔ་ནས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་དང་ཤེས་རབ་ཁྲིམས་ཁང་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དྲུག་ནས་བློ་དཀར་གཞུང་དྲང་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཁྲིམས་ཁང་ཞིག་བསྐྲུན་པར་འབད་པ་བྱས་པ་བཅས་ཡིན་ཞེས་བསྟན།
ཀྲིག་ཆང་གིས་སྙན་ཞུ་ལས་ཕྱོགས་ལྔའི་ཐད་ནས་ཉིས་སྟོང་ཉེར་གསུམ་ལོའི་ལས་དོན་ལ་གྲོས་འགོ་བཏོན་པ་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་རྒྱུ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་སྔར་ལས་གང་ལེགས་བྱེད་རྒྱུ། ཆུ་ཚད་མཐོ་བའི་བདེ་འཇགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུ་རྒྱུ། མི་དམངས་ལྟེ་བར་འཛིན་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་དྲང་བདེན་ཁྲིམས་འཛིན་ལ་སྐུལ་འདེད་ནན་མོ་གཏོང་རྒྱུ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། འདྲི་གཅོད་མ་ལག་དང་འདྲི་གཅོད་ནུས་པ་དེང་རབས་ཅན་དུ་འཕེལ་བར་མྱུར་དུ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་ཁང་ནན་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།
ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀྲང་ཅུན་གྱིས་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལས། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ནུས་ལྡན་འོག་ཏུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་“ཞིབ་དཔྱོད་ཆེན་པོ་བཞི”ཡི་རྣམ་པ་གསར་སྐྲུན་བྱས་པ་དང་། མི་དམངས་བླ་ན་མེད་པའི་བསམ་ཕྱོགས་ག་ལག་བསྟར་བྱས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་རང་འགུལ་ངང་ལག་བསྟར་བྱས་པ་བཅས་ཀྱི་དབང་གིས། མི་དམངས་ཞིབ་དཔྱོད་ལས་དོན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་གསར་པ་བྱུང་ཡོད། ཉིས་སྟོང་བཅོ་བརྒྱད་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིགས་སོ་སོའི་གྱོད་གཞི་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་གསུམ་ཁྲི་གསུམ་སྟོང་དྲུག་ཞིབ་གཅོད་བྱས་པ་དང་། གྲངས་འབོར་དེ་ནི་ལོ་སྔོན་མ་ལྔ་ལས་བརྒྱ་ཆའི་བཞི་བཅུ་འཕར་ཡོད། ཉིས་སྟོང་བཅོ་བརྒྱད་ལོ་དང་བསྡུར་ན། ཉིས་སྟོང་ཉེར་གཉིས་ལོར་ཞིབ་བཤེར་ཁྲིམས་སྦྱོར་གྱོད་གཞི་བདག་སྤྲོད་བྱས་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་བརྒྱད་འཕར་བ་དང་། དམངས་དོན་དང་སྲིད་འཛིན། སྤྱི་ཕན་གཏུག་བཤེར་བཅས་ཀྱི་གྱོད་གཞི་ཞིབ་གཅོད་བྱེད་ཚད་བཅས་སོ་སོར་ལྡབ་གཅིག་དང་གྲངས་ཆུང་ལྔ་དང་ལྡབ་གསུམ་དང་གྲངས་ཆུང་གསུམ། ལྡབ་དོན་གཉིས་དང་གྲངས་ཆུང་དྲུག་བཅས་འཕར་ཡོད།
ཀྲང་ཅུན་གྱིས་སྙན་ཞུ་ལས་ཕྱོགས་དྲུག་གི་ཐད་ནས་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱིར་ལྟ་བྱས་ཡོད་དེ། གཅིག་ནས་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་དང་རང་འགུལ་ཞིབ་དཔྱོད་ལ་བརྟེན་ནས་ཀྲུང་གོའི་བཅོས་སྐྱོང་ལ་རམ་འདེགས་བྱས་པ་དང་། གཉིས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ་རང་འགུལ་ཞིབ་དཔྱོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། གསུམ་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་ངང་ཞིབ་དཔྱོད་ལ་བརྟེན་ནས་དམངས་ཚིས་བདེ་སྐྱིད་ལ་འགན་ལེན་བྱས་པ། བཞི་ནས་གཏུག་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ཏེ་རང་འགུལ་ཞིབ་དཔྱོད་ལ་བརྟེན་ནས་ཁྲིམས་འཛིན་དྲང་བདེན་ལ་སྲུང་སྐྱོབ་བྱས་པ། ལྔ་ནས་སྤྱི་ཕན་གཏུག་བཤེར་བྱེད་རྒྱ་ཆེ་རུ་བཏང་སྟེ་རང་འགུལ་ངང་ཞིབ་དཔྱོད་བྱས་ནས་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས་པ། དྲུག་ནས་ཞིབ་དཔྱོད་ནན་སྐྱོང་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་ངང་ཞིབ་དཔྱོད་ལ་བརྟེན་ནས་ཉམས་སད་གང་རུང་ཐེག་ཐུབ་པའི་དཔུང་སྡེ་སྦྱོང་བརྡར་བྱས་ཡོད་པ་བཅས་རེད།
ཀྲང་ཅུན་གྱིས་སྙན་ཞུ་ལས་ཉིས་སྟོང་ཉེར་གསུམ་ལོའི་ལས་དོན་ཐད་གྲོས་འགོ་བཏོན་པ་སྟེ། གཅིག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། གཉིས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། གསུམ་ནས་ཁྲིམས་སྐྱོང་སྟོབས་ཤུགས་གང་ལེགས་སྤྱད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བཞི་ནས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་བ། ལྔ་ནས་ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་མ་ལག་ཚང་བའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ། དྲུག་ནས་འགན་ལྕི་མོ་འཁུར་ཐུབ་མཁན་གྱི་ཞིབ་དཔྱོད་ཀྱི་ཧྲག་དམག་འཛུགས་རྒྱུ་བཅས་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་གྲོས་ཞིབ་གནང་རྒྱུར་ཕུལ་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི་གྲོས་གཞི་ལས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་དུ། ལས་ཁུངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་དུ།《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེའི་ནང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་ནང་དོན་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུར་མོས་མཐུན་བྱུང་། ད་ལྟ《ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་ཇུས་གཞི》གཞིར་བཟུང་ནས་དངོས་སུ་གྲུབ་ཡོད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་འཆར་གཞི》རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ལྟར་དུ། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཞའོ་ཅེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིའི་སྐོར་ནས་གསལ་བཤད་བྱས། ཞའོ་ཅེ་ཡིས་གསལ་བཤད་ལས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་བྱ་བའི་ལས་འགན་གལ་ཆེན་ཞིག་ཡིན་ཞིང་། དེའི་གཙོ་གནད་ནི་ཚན་རིག་ལག་རྩལ་དང་དངུལ་རྩའི་ལྟ་སྐུལ་དོ་དམ། གཞི་གྲངས་དོ་དམ། གྲོང་གསེབ་དར་སྤེལ། ཤེས་བྱའི་བདག་དབང་། ལ་ལོན་རྒན་པའི་ལས་དོན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་ཁུངས་ཀྱི་འགན་འཁྲི་ཇེ་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱས་ཏེ། སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ཡིན་ཟེར།
ད་ཐེངས་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་བྱ་རྒྱུའི་ནང་དོན་ཞིབ་ཕྲ་གཤམ་གསལ་ལྟར། ཚན་རིག་ལག་རྩལ་པུའུ་བསྐྱར་འཛུགས་བྱ་རྒྱུ་དང་རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་འཛུགས་རྒྱུ། ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བསྒྱུར་རྒྱུ། ཀྲུང་གོ་མི་དམངས་དངུལ་ཁང་གི་ཡན་ལག་ལས་ཁུངས་བཅོས་སྒྱུར་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་གཏོང་རྒྱུ། རྒྱལ་ཁབ་ལ་དབང་བའི་དངུལ་རྩའི་མ་རྩ་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་རྒྱུ། དངུལ་རྩའི་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣ་ལ་གཅིག་གྱུར་གྱིས་ཚད་ལྡན་དོ་དམ་བྱེད་པར་ཤུགས་སྣོན་རྒྱུ། རྒྱལ་ཁབ་གཞི་གྲངས་ཅུའུ་འཛུགས་རྒྱུ། ཞིང་ལས་དང་གྲོང་གསེབ་པུའུ་ཡི་འགན་འཁྲི་ཇེ་ལེགས་སུ་གཏོང་བ། ལོ་ལོན་རྒན་པའི་བྱ་བ་ཡི་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། ཤེས་བྱའི་ཐོན་དབང་གི་དོ་དམ་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྒྱལ་ཁབ་འཕྲིན་བཅར་ཅུའུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བསྒྱུར་རྒྱུ། ཀྲུང་དབྱང་གི་རྒྱལ་ཁབ་ལས་ཁུངས་ཀྱི་མི་སྣའི་སྒྲིག་ཁོངས་ཁུ་བསྡུ་བྱེད་རྒྱུ། གོང་གསལ་གྱི་ཇུས་གཞི་དག་གཞིར་བཟུང་ནས་ལེགས་སྒྲིག་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་སྒྲུབ་ཐིན་ཕུད་པའི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་བཀོད་གྲུབ་ཆའི་སྡེ་ཁག་གི་གྲངས་ཀ་སྔར་བཞིན་ཉེར་དྲུག་རེད།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཉིང་དང་། ལིའུ་དབྱི་ལེང་། ལིའུ་ཉིང་། ལིས་ཞིའུ་ལིན། ཁྲིན་ཀང་། ཀྲིན་ཚི་ཅེ། ཉིས་ཡུའེ་ཧྥུན། ཅིན་ཅུན་ཧེ། ལོའུ་དབྱང་ཧྲིན་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བསྡད་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།