རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2023.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 65

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།

གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་དང་བཟོ་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུང་ཧྲན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཞིབ་བཤེར་མཇུག་འབྲས་སྙན་ཞུ་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པེན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་གྱི་ཞིབ་བཤེར་མཇུག་འབྲས་སྙན་ཞུའི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། ཞིབ་བཤེར་མཇུག་འབྲས་སྙན་ཞུ་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་སྐོར་གྱི་གྲོས་ཆོད་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ཀྱི་གྲོས་ཆོད་འཆར་ཟིན་ཚབ་བྲིས་མ་ཡིག་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། གྲོས་ཆོད་འཆར་ཟིན་གཉིས་ཀྱི་ཚབ་བྲིས་མ་ཡིག་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་བྱས་པའི་སྐོར་གྱི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་འཇོག་གཏན་འཁེལ་གྱི་བྱེད་ཐབས་འཆར་ཟིན་གྱི་ཚབ་བྲིས་མ་ཡིག་སྐོར་གྱི་ཡར་ཞུ་ལ་ཉན།

གྲོས་ཚོགས་ནས་གོང་གི་འཆར་ཟིན་དང་སྙན་ཞུ་སོགས་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་གཉིས་པར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེནཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།

                                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།