ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།
ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་དེའི་ནུས་པ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ་ནི། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ལས་དོན་གྱི་གནས་སྟངས་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་སྟངས་འཛིན་གང་ལེགས་བྱས་ནས། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་སྤྱི་འདོམས་ཡག་པོ་བྱ་རྒྱུར་དམིགས་པ་དང་། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྲུན་ལ་སྤྱི་འདོམས་སྔར་ལས་ཡག་པོ་བྱེད་པའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་པ་ཞིག་རེད། བཀོད་སྒྲིག་འདི་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལོ་བརྒྱའི་དམག་འཛུགས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། རང་དམག་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་གང་མགྱོགས་ཀྱིས་འགྱུར་བར་བྱེད་པ་བཅས་ཀྱི་ཐད་དུ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པས། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ་དང་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་བ། ལས་དོན་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་གྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
ཚོགས་ཐོག་ནས་དམག་ཨུའི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་འཐུས་མི་ལིའུ་ཙིག་ཅིན་དང་། དམག་ཨུའི་གོ་མཚོན་འཕེལ་རྒྱས་པུའུ་ཡི་འཐུས་མི་རའོ་ཝུན་མེན། རྒྱལ་སྲུང་སྐུལ་སློང་ཁོངས་གཏོགས་ཀྱི་འཐུས་མི་ཝང་ཧུང་ཡུས། མཉམ་འབྲེལ་མཁོ་སྒྲུབ་འགན་ལེན་དམག་དཔུང་གི་འཐུས་མི་ཐང་ལིན་ཧོས། སྐམ་དམག་གི་འཐུས་མི་ཝན་ཅིན་དབྱང་། མཚོ་དམག་གི་འཐུས་མི་ཝང་ཡ་རུའུ་བཅས་ཀྱིས་རིམ་པ་བཞིན་གཏམ་བཤད་དེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་དང་རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་ཆས་གལ་ཆེན་གཅིག་གྱུར་གྱིས་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་གསོག་འཇོག་འཛུགས་སྐྲུན། མཐའ་སྲུང་དང་མཚོ་སྲུང་ལས་དོན། དམངས་ཡོངས་ལ་རྒྱལ་སྲུང་སློབ་གསོ་གཏོང་རྒྱུ་སོགས་ཀྱི་གནད་དོན་ལ་བསམ་འཆར་དང་གྲོས་འགོ་བཏོན།
ཞི་ཅིན་ཕིང་གིས་འཐུས་མི་རེ་རེའི་གཏམ་བཤད་ལ་ནན་ཏན་ངང་གསན་པར་མ་ཟད། ཁོ་ཚོ་དང་ལྷན་དུ་དགོངས་འཆར་བརྗེ་རེས་གནང་། འཐུས་མི་དྲུག་གིས་གཏམ་བཤད་བྱས་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུར་དམིགས་ཏེ་བླང་བྱ་བཏོན། ཞི་ཅིན་ཕིང་གིས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་གནད་འགག་ནི། གཞི་གཅིག་ཅན་གྱི་ཐད་འབད་བརྩོན་གང་ལེགས་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་ཆེས་ཆེ་ཤོས་མངོན་འགྱུར་ཡོང་བར་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཁྱབ་ཁོངས་ཁག་གི་འཐབ་ཇུས་བཀོད་སྒྲིག་གཞི་གཅིག་མཉམ་འདྲེས་དང་འཐབ་ཇུས་ཐོན་ཁུངས་གཞི་གཅིག་སྡེབ་སྒྲིག འཐབ་ཇུས་སྟོབས་ཤུགས་གཞི་གཅིག་བེད་སྤྱོད་བཅས་ལ་ཤུགས་བསྣན་ནས། འཐབ་ཇུས་ཀྱི་ཉེན་ཁར་ཁ་གཏད་འཇལ་བ་དང་འཐབ་ཇུས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ། འཐབ་ཇུས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ་བཅས་ཀྱི་རང་རྒྱལ་གྱི་སྤྱིའི་དངོས་ཡོད་སྟོབས་ཤུགས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་རྒྱུ་ནི་རྙོག་འཛིང་ཆེ་ལ་བརྒྱུད་རིམ་ལྡན་པའི་བཟོ་བཀོད་ཅིག་ཡིན་པས། ཁྱོན་ཡོངས་ལ་སྤྱི་འདོམས་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གཙོ་གནད་འབུར་ཐོན་ཡོང་བར་བརྟེན་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏོང་རྒྱུར་སྐུལ་ཁྲིད་བྱེད་དགོས། ཚན་རྩལ་མཐུན་སྦྱོར་གསར་གཏོད་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་བཟང་བོ་དང་དེར་དོ་དམ་བཟང་བོ་བྱེད་པ། དེ་བེད་སྤྱོད་ཡག་པོ་བཅས་བྱས་ནས། རང་བརྟེན་གསར་གཏོད་དང་གདོད་མའི་གསར་གཏོད་ལ་ཤུགས་བསྣན་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་ཤུགས་གང་མགྱོགས་ཀྱིས་ཆེ་རུ་བཏང་ནས། རྒྱལ་ཁབ་འཕེལ་རྒྱས་དང་རྒྱལ་སྤྱིའི་འགྲན་རྩོད་ཀྱི་ལེགས་ཆ་གསར་པ་ཐོབ་པར་འབད་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཞབས་ཞུ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམག་འཐབ་ལས་རྣམ་པར་རྒྱལ་བའི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ། མ་ལག་གི་བཀོད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ། འཕེལ་རྒྱས་གཏོང་སྟངས་གསར་གཏོད་བྱེད་པ། ཐོན་ལས་ཕྲེང་འབྲེལ་གྱི་མཉེན་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་གཅིག་གྱུར་འཆར་འགོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ས་ཁྲ་ཆེན་པོ་དང་ཕྱོགས་བསྡུས་རྩིས་གཞི། ཕུགས་རིང་བའི་རྩིས་ཁྲ་བཅས་ལ་མཁས་པར་བྱེད་པ། མཉམ་སྐྲུན་མཉམ་བཀོལ་གྱི་མཉམ་སྤྱོད་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཆེན་པོའི་གསོག་འཇོག་མ་ལག་གང་མགྱོགས་ཀྱིས་བཙུགས་ནས། རྒྱལ་ཁབ་ཀྱི་གསོག་འཇོག་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པའི་ནུས་པ་སྔར་ལས་ཆེ་རུ་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བར་ངེས་པར་དུ་བཅོས་སྒྱུར་གསར་གཏོད་ལ་སྒུལ་ཤུགས་སྣོན་དགོས། ལོ་འདི་དག་གི་རིང་ལ། འབྲེལ་ཡོད་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། འབྲེལ་ཡོད་བཅོས་སྒྱུར་གལ་ཆེན་ལ་གཞོགས་འདེགས་བྱས་ཏེ་སྐུལ་འདེད་བཏང་བར་བརྟེན། གྲུབ་འབྲས་གལ་ཆེན་མི་ཉུང་བ་ཞིག་ཐོབ་ཡོད། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་མུ་མཐུད་ཇེ་ལེགས་སུ་གཏོང་བ། སྲིད་ཇུས་དང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ། རང་འགན་རང་འཁུར་དང་མཉམ་ལས་དམ་ཟབ། ཚད་ལྡན་དང་གོ་རིམ་ལྡན་པ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་པ་བཅས་བྱས་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ད་ལོ་ནི་ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན། སྲིད་བཀུར་དམངས་གཅེས་དང་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་ཆེ་བའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ། དུས་རབས་གསར་པའི་དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་སྲུང་ལ་སེམས་ཁུར་དང་རྒྱལ་སྲུང་ལ་དགའ་ཞེན། རྒྱལ་སྲུང་འཛུགས་སྐྲུན། རྒྱལ་སྲུང་ལ་སྲུང་སྐྱོབ་བཅས་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་སྔར་ལས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཞེས་གསུངས།
ཚོགས་འདུའི་སྔོན་ལ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་ཚབ་ཚོགས་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཚང་མ་དང་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧི་ཝེ་ཏུང་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིས་ཧྲང་ཧྥུའུ་དང་ལིའུ་ཀྲིན་ལིས། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཚོགས་འདུར་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།