མཚོ་སྔོན་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས།
2023.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས། ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པ་དང་། ཝང་ལིས་མེན་དང་ཝང་དབྱང་གིས་གཏམ་བཤད། ཀྲ་ཆིན་ཅིག་ཟུར་ཞུགས་བྱས་པར་མ་ཟད་གཏམ་བཤད། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཧན་ཞའོ་ཝུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་འཐུས་མིའི་གྲོས་གཞི་ལ་ཉན།

འཐུས་མི་ཁྲིན་ཀང་གིས་བཤད་རྒྱུར། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུ་ཡིས། ཏང་གི་འགོ་ཁྲིད་འོག་གི་ཆེས་མཐོ་བའི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་ཆབ་སྲིད་ཁག་ཁུར་དང་འགན་འཁྲི་ཁག་ཁུར། ཁྲིམས་སྐྱོང་ཁག་ཁུར་མཚོན་པར་བྱས་ཡོད་པ་དང་། ཁྲིམས་བཟང་བོ་འཛུགས་པ་དང་བཅོས་སྐྱོང་ལ་འགན་སྲུང་བྱེད་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཡིད་ཚིམ་པར་བྱེད་པའི་རྒྱུགས་འབྲས་སྤྲད་ལ། དེ་ནི་ཏང་ལ་བློ་དཀར་པ་དང་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བ། རྩ་ཁྲིམས་གཙོར་འཛིན་པ། འགན་སྒྲུབ་ནན་མོ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ཧ་ཅང་འཐད་པ་ཡིན། ལོ་ལྔའི་རིང་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག མཚོ་སྔོན་གྱིས་ཐེངས་གཉིས་ལ་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་བསྡུས་པ་དང་། རིམ་པ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན། མི་རིགས་མཐུན་སྒྲིལ་སོགས་ཕྱོགས་ལ་དམིགས་པའི་ཁྲིམས་འཛུགས་དང་ལྟ་སྐུལ། ཁྲིམས་འཛིན་ཞིབ་བཤེར་བྱ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ལ། ཁྲིམས་འཛུགས་དཔྱད་འཇོག་དང་ལྟ་སྐུལ་གསར་གཏོད། འཐུས་མིའི་འགན་སྒྲུབ་སོགས་བྱ་བའི་ཐད་ནས་མཚོ་སྔོན་གྱི་ཁྱད་ཆོས་མངོན་པར་བྱས། གོ་རིམ་རྗེས་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྙན་ཞུ་ནང་གི་བཀོད་སྒྲིག་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་ཐད་ཤུགས་བཏོན་ནས། སྤུས་ཚད་མཐོ་བའི་ངང་དུས་རབས་གསར་བའི་ས་གནས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། ཐག་གཅོད། བསྐོ་འཐེན་སོགས་བྱ་བ་བཟང་བོར་བསྒྲུབ་དགོས། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་འཛུགས་བཅའ་ཁྲིམས་ལག་བསྟར་བྱེད་པར་ཟུང་འབྲེལ་བྱེད་པ་དང་། ས་གནས་དམངས་ཆེན་གྱིས་ཁྲིམས་འཛུགས་བྱ་བར་སྔར་ལས་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པར་མཛུབ་ཁྲིད་བྱེད་པ། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་ས་གནས་ཁྲིམས་འཛུགས་ཞིབ་སྡུར་ཐད་སྟེགས་བུ་འདོན་སྤྲོད་བྱས་ནས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་འདྲིས་བྱེད་སས་དམངས་གཙོ་ཁྲིམས་འཛུགས་ཁྲོད་ཀྱི་ཐད་གཏོང་རླངས་འཁོར་ལྟ་བུའི་ནུས་པ་འདོན་སྤེལ་སྔར་ལས་བཟང་བོ་བྱེད་རྒྱུའི་གྲོས་གཞི་བཏོན།

འཐུས་མི་ཝང་ལིས་མེན་གྱིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་ཆབ་སྲིད་ལངས་གནས་མཐོ་བ་དང་བསམ་ཕྱོགས་དང་བྱེད་ཐབས་གསལ་ལ། ལས་གཞིའི་གཞི་གྲངས་བདེན་པ་ཡིན་པ་དང་། བརྗོད་དོན་གཙོ་ཐིག་འབུར་དུ་ཐོན་ཞིང་། ཆབ་སྲིད་ཀྱི་ཡིད་རྟོན་ཧ་ཅང་བརྟན་ལ། གཙོ་འགན་གཙོ་ལས་འབུར་དུ་ཐོན་པར་བྱས་ཡོད་པ་དང་བྱ་བའི་ངེས་གནས་གནད་ལ་འཁེལ་ཡོད། རྩ་ཁྲིམས་དང་བཅའ་ཁྲིམས་གཞིར་འཛིན་པ་འབུར་དུ་ཐོན་པར་བྱས་ཡོད་པ་དང་ཆབ་སྲིད་ཀྱི་འགན་འཁུར་གཏན་ཁེལ་གསལ་བོ་བྱས་ཡོད་ཅིང་། དམངས་གཙོ་དམངས་ཚིས་འབུར་དུ་ཐོན་པར་བྱས་ཡོད་ལ། འཐུས་མིར་ཞབས་འདེགས་བཟང་བོ་ཞུས་ཡོད་པ་དང་། གཟབ་ནན་འབུར་དུ་ཐོན་པ་དང་རང་ངོས་འཛུགས་སྐྲུན་བཟང་བོ་བྱས་ཡོད་ལ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱལ་དོན་གལ་ཆེན་ཐད་ཀྱི་ཆབ་སྲིད་ཁག་ཁུར་དང་ཁྲིམས་སྐྱོང་ཁག་ཁུར། དམངས་ཆེན་གྱི་ཁག་ཁུར་མངོན་པར་བྱས་ཡོད། ཝང་ལིས་མེན་གྱིས་ད་དུང་། གཅིག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པར་དམིགས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་བ་དང་། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཐད་ནས་རྣམ་པ་གསར་བ་གྲུབ་པར་བྱེད་པ་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ། མདོ་དབུས་མཐོ་སྒང་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་འཐབ་ཇུས་གལ་ཆེན་དང་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་པའི་གནས་ཚུལ་ཐད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དུས་ཐོག་ཏུ་འབྲེལ་ཡོད་ཁྲིམས་འཛིན་ཞིབ་བཤེར་སྤེལ་བ་དང་། གཉིས་ནས། ནུབ་རྒྱུད་ས་ཁུལ་དང་མཐའ་འཁོར་ས་ཁུལ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གྲོས་གཞི་སྔར་ལས་མང་པོ་ལྟ་སྒྲུབ་གྲོས་གཞི་གལ་ཆེན་ཁྲོད་འཇོག་པ་དང་། ལྟ་སྒྲུབ་བྱེད་ཤུགས་ཆེར་བཏང་ནས། གྱོད་དོན་ཐག་གཅོད་ཚད་དང་ལྷག་པར་དུ་ལེགས་འགྲུབ་བྱེད་ཚད་ཇེ་མཐོར་གཏོང་བར་དོ་སྣང་བྱེད་པ། གསུམ་ནས། ས་གནས་དམངས་ཆེན་གྱི་བྱ་བའི་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་སྔར་ལས་ཤུགས་སྣོན་པ་དང་། དུས་ཐོག་ཏུ་བྱ་བའི་ལས་སྒོ་ཐད་ཀྱི་བརྗེ་རེས་དང་འཐུས་མིའི་གསོ་སྦྱོང་སོགས་བྱ་འགུལ་སྤེལ་ནས། དུས་རབས་གསར་བའི་ས་གནས་དམངས་ཆེན་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་གྲོས་གཞི་བཏོན།

འཐུས་མི་ཝང་དབྱང་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། བྱ་བར་སྤྱི་སྡོམ་བྱེད་པའི་ཐད་ནས་དངོས་ཐོག་བདེན་འཚོལ་དང་ཆ་ཚང་བ་བྱས་ཡོད་ལ། ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་གནད་ལ་འཁེལ་བ་ཤེས་ཐུབ་པ་དང་། བྱ་བ་བཀོད་སྒྲིག་ཐད་ནས་བསམ་ཕྱོགས་གསལ་བ་དང་གཙོ་གནད་འབུར་དུ་ཐོན་པར་བྱས་ཡོད་ལ། དེ་ནི་ལམ་ལུགས་ཀྱི་དགེ་མཚན་མངོན་པ་དང་མི་དམངས་བསམ་པའི་བརྩེ་སེམས་ཟབ་པ། ཁྲིམས་སྐྱོང་སྟོབས་ཤུགས་མངོན་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ཧ་ཅང་འཐད་པ་ཡིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་པའི་ལོ་གཅིག་དང་ལོ་ལྔའི་རིང་གི་བྱ་བའི་ཐད་ནས་འབུར་དུ་ཐོན་པའི་མྱོང་ཚོར་བཞི་ཡོད་དེ། གཅིག་ནི་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབས་པ་དང་། ལངས་ཕྱོགས་བརྟན་པོས་ཆབ་སྲིད་གླེང་བ། གཉིས་ནི་ཁྲིམས་ལྟར་འགན་སྒྲུབ་དང་འབད་འཐབ་བྱས་པ་དང་། དོན་ཆེན་དང་དོན་དག་གལ་ཆེན་ཐད་ནས་ཁག་ཁུར་བྱེད་ཕོད་པར་བྱས་པ། གསུམ་ནི་བརྒྱུད་རིམ་ཧྲིལ་བོའི་དམངས་གཙོ་ལག་བསྟར་བྱེད་རྒྱུ་དེ་རང་འགན་དུ་བརྩིས་པ་དང་། འཐུས་མིའི་གཙོ་གཞི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། བཞི་ནི་ལས་ཁུངས་བཞི་འཛུགས་སྐྲུན་ཐད་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། རང་ངོས་འཛུགས་སྐྲུན་བརྟན་བརླིང་ངང་མཐོར་འདེགས་སུ་བཏང་བ་བཅས་རེད།

ཀྲ་ཆིན་ཅིག་གིས་བཤད་རྒྱུར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བྱ་བའི་སྙན་ཞིའི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་དགོངས་པ་གལ་ཆེན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་ཁྱབ་ཡོད་ལ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ནང་དོན་གཙོ་བོ་མངོན་པར་བྱས་ཡོད་པ་དང་། རྒྱལ་ཡོངས་དམངས་ཆེན་དེ་ཆབ་སྲིད་ལས་ཁུངས་དང་དབང་ཤུགས་ལས་ཁུངས། བྱ་བའི་ལས་ཁུངས། འཐུས་མིའི་ལས་ཁུངས་ཡིན་པའི་ཆ་ནས་འགན་འཁྲི་ལག་བསྟར་དང་ཁག་ཁུར་འབད་འཐབ་བྱས་པའི་ལག་ལེན་དངོས་དང་གྲུབ་འབྲས་མངོན་གསལ་མཚོན་ལ། དེ་ནི་དངོས་ཐོག་བདེན་འཚོལ་དང་སྐུལ་སློང་ཐེབས་པ། མ་འོངས་པར་ཁ་ཕྱོགས་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པས། ང་རང་ཧ་ཅང་འཐད་པ་ཡིན། ལོ་ལྔའི་རིང་ལ། རྒྱལ་ཡོངས་དམངས་ཆེན་དེ་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཡིན་པའི་ཆ་ནས་རྩ་ཁྲིམས་ཀྱི་གོ་གནས་ཧ་ཅང་མངོན་གསལ་ཡིན་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལས་ཁུངས་ཡིན་པའི་ཆ་ནས་ཁྲིམས་འཛུགས་རྩོལ་ནུས་འབུར་ཐོན་ཡིན་ལ། ལྟ་སྐུལ་ལས་ཁུངས་ཡིན་པའི་ཆ་ནས་ལྟ་སྐུལ་གྱི་དབང་ཟིལ་སྔར་ལས་ཆེ་བས། ཞིབ་བཤེར་ལས་ཁུངས་ཀྱི་སྔར་ལས་རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་དང་། བཅའ་ཁྲིམས་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞིབ་བཤེར་གྱི་འགན་ནུས་འདོན་སྤེལ་སྔར་ལས་བཟང་བོ་བྱེད་དགོས།

མཱ་ཧྥུའུ་ཁྲང་དང་རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ། ཅང་ཀྲི་ཀང་། ཏུང་ཆོན་མེན། པིས་ཧྲིན་ལུང་སོགས་འཐུས་མིས་གཏམ་བཤད།

དེ་ལས་གཞན། ཟླ་གསུམ་པའི་ཚེས་བརྒྱད་ཉིན། པེ་ཅིང་དུ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ལིས་མེན་བཅས་ཀྱིས་གྲོས་ཚོགས་ཀྱི་བར་གསེང་ནས། བཅའ་སྡོད་ས་ཆ་ནས་མཚོ་སྔོན་འཐུས་ཚབ་ཚོགས་པའི་བུད་མེད་འཐུས་མི་དང་བུད་མེད་ལས་བྱེད་མི་སྣར་འཚམས་འདྲི་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས།

རིན་ཆེན་མཚོས་བསྒྱུར།