ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་བཅས་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་འཆར་ཟིན་དང་། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་སོགས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅུན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་ཚོགས་འདུར་ཞུགས།
ཚོགས་འདུར་ཞུགས་དགོས་པའི་མི་བརྒྱ་དང་གོ་གཉིས་ཡིན་ལ། མི་བརྒྱ་དང་གོ་གཅིག་དངོས་སུ་ཚོགས་འདུར་ཞུགས། ཚོགས་འདུར་ཞུགས་མ་ཐུབ་པའི་མི་གཅིག་ཡོད་ཅིང་། ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།
ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཕྱི་དྲོ་དང་ཚེས་དྲུག་ཉིན་གྱི་སྔ་དྲོ་འཐུས་ཚབ་ཚོགས་པ་སོ་སོས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་ནན་མོ་བྱས། འཐུས་མི་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་ལྔའི་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། ད་ལོའི་སྲིད་གཞུང་བྱ་བར་གྲོས་འགོ་བཏོན་པ་ལ་ཡོངས་ཁྱབ་ཏུ་མོས་མཐུན་བྱུང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲུང་ཧྲན་གྱིས་གྲོས་ཚོགས་ལ། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།
རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པུན་གྱིས་གྲོས་ཚོགས་ལ། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། ཚོགས་ཐོག་ནས་བརྡས་ཐག་བཅད་དེ་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་བྱས་པའི་གནས་ཚུལ་སྙན་ཞུ་གཉིས་ལ་གྲོས་འཆམ་བྱུང་།
ཟླ་གསུམ་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་འཆར་གཞིའི་སྙན་ཞུ་དང་འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་ཞུ། སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་ནན་མོ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམས་ཀྱི་ཞིབ་བཤེར་བསམ་འཆར་ལ་གཞིགས་ནས་སྙན་ཞུ་དེ་གཉིས་ལ་བཟོ་བཅོས་ནན་མོ་བྱས། ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཁྲིམས་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་མོ་བྱས།
ཚོགས་ཐོག་ནས་བརྡས་ཐག་བཅད་དེ་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོ་སཚོགས་ཐེངས་དང་པོའི་འདེམས་བསྐོ་དང་བསྐོ་འཇོག་བྱེད་ཐབས་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་ཐག་བཅད།
བན་དེ་སྐྱབས་ཀྱིས་བསྒྱུར།