མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་ཀྱི་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས།
2023.03.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོ་སོ་སོར་རང་སོ་སོའི་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ནས། སྲིད་གྲོས་ཀྱི་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་ནན་མོ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ལ་གྲོས་སྡུར་བྱས།

ཨུ་ཡོན་ཚོས། མི་དམངས་སྲིད་གྲོས་ལས་དོན་ནི་ཏང་དང་རྒྱལ་ཁབ་ལས་དོན་གྱི་གྲུབ་ཆ་གཙོ་བོ་ཡིན་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་སྲིད་གྲོས་ཀྱི་སྒྲིག་སྲོལ་ལ་བཟོ་བཅོས་བྱས་པ་དེས། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་དང་སྔར་བཞིན་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཐེངས་འདིའི་བཟོ་བཅོས་ཐད་ནས། དུས་རབས་གསར་བའི་ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་གྲུབ་འབྲས་གལ་ཆེན་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ཆེས་གསར་བའི་གྲུབ་འབྲས་སྒྲིག་སྲོལ་ཁྲོད་བྲིས་ནས། ཏང་གི་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་དང་ཚན་རིག་དང་མཐུན་པའི་སྣེ་ཁྲིད་བྱས་པ་མཚོན་ལ། མི་དམངས་སྲིད་གྲོས་ཀྱིས་ལག་བསྟར་བྱེད་པ་དང་གཅིག་ཏུ་བསྡུ་བའི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་ལེན་པའི་ཐད་རྩ་བའི་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱས་པ་དང་། གཉིས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་གཏན་ཁེལ་བྱས་པའི་གཞུང་ལུགས་ལྟ་བ་གལ་ཆེན་དང་འཐབ་ཇུས་དགོངས་པ་གལ་ཆེན། དམིགས་འབེན་ལས་འགན་གལ་ཆེན་སྒྲིག་སྲོལ་ནང་བྲིས་པ་དེས་མི་དམངས་སྲིད་གྲོས་ཀྱི་རྒྱལ་ཁབ་ཀྱི་སྤྱིའི་གནས་བབ་ཁྲོད་ཀྱི་གོ་གནས་ནུས་པ་དང་འགན་འཁྲི་ཁག་ཁུར་མཚོན་པར་བྱས་ཡོད་ལ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་བར་སྐུལ་སློང་གཏོང་ངེས། གསུམ་ནས་མི་དམངས་སྲིད་གྲོས་ཀྱི་ལག་ལེན་གསར་གཏོད་དང་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་སྒྲིག་སྲོལ་ནང་བྲིས་པ་དེས་བཅོས་སྒྱུར་གསར་གཏོད་དང་སྤུས་འདེགས་ནུས་སྤེལ་གྱི་ནང་གནས་དགོས་མཁོ་མཚོན་ལ། མི་དམངས་སྲིད་གྲོས་ལས་དོན་ལ་ནམ་ཡང་གསོན་ཤུགས་ལྡན་པ་དང་སྐྱེ་སྟོབས་འབར་བར་ཁག་ཐེག་བྱེད་ཐུབ། ཐེངས་འདིའི་བཟོ་བཅོས་བརྒྱུད་དེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ངོ་བོ་དང་ཆབ་སྲིད་འགན་འཁྲི། ཆབ་སྲིད་ཁག་ཁུར་སྔར་ལས་མངོན་གསལ་ཡིན་པ་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་འགན་ནུས། བྱ་བའི་ངེས་གནས་སྔར་ལས་ཁ་གསལ་ལ། མི་དམངས་སྲིད་གྲོས་ཀྱིས་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། དམངས་གཙོ་དར་སྤེལ་གཏོང་བའི་དགེ་མཚན་སྔར་ལས་འབུར་ཐོན་ཡིན་པ་དང་། དུས་རབས་གསར་བའི་སྐྱོད་ལམ་གསར་བའི་མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་སྔར་ལས་མཐོ་བའི་རེ་བ་གསར་བ་བཏོན། ཨུ་ཡོན་ཚོས། སྲིད་གྲོས་ཀྱི་སྒྲིལ་སྲོལ་བཟོ་བཅོས་འཆར་ཟིན་ལ་ཧ་ཅང་འཐད་པའི་ཚུལ་བསྟན།

ཨུ་ཡོན་ཚོས་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ལ་གྲོས་སྡུར་ནན་མོ་བྱས། ཚང་མས། ཐེངས་འདིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཐད་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བར་དམིགས་ནས། ལས་ཁུངས་ཀྱི་བཀོད་སྒྲིག་ལ་བཅོས་སྒྱུར་དང་འགན་ནུས་ལེགས་སྒྱུར་བྱས་ཏེ། ང་ཚོ་དུས་རབས་གསར་བའི་སྐྱོད་ལམ་གསར་བར་ཞུགས་པའི་ཐད་ཤུགས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་ཡིན་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞི་ལ་ཧ་ཅང་འཐད་པ་ཡིན་ཟེར།

རིནཆེན་མཚོས་བསྒྱུར།