རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2023.03.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 62

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོས་ཚོགས་ཐེངས་གསུམ་པ་བསྡུས། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད།

ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་ཚོགས་འདུར་མགོ་འཛིན་མཛད། ཚོགས་འདུར་ཞུགས་དགོས་པའི་འཐུས་མི་བརྒྱ་དང་གོ་གཉིས་ཡོད་ཅིང་། དངོས་སུ་ཚོགས་འདུར་ཞུགས་པའི་མི་བརྒྱ་དང་གྱ་དགུ་ཡོད་ལ། ཚོགས་འདུར་ཞུགས་མ་ཐུབ་པའི་མི་གསུམ་བཅས་ཡོད་པས། ཚོགས་ཞུགས་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་ནན་མོ་བྱས། རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་ནས་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ། ཆོད་དོན་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་བཏོན། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཀྱི་སྟེང་དུ། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན་གྱིས་ཕུལ་བའི། རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་གྱི་སྙན་ཞུར་ཉན། ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་གོང་གསལ་གྱི་སྙན་ཞུ་དང་གཏན་འབེབས་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་འཆམ་བྱུང་ནས། ཁྲིམས་འཛུགས་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིར་གྲོས་ཞིབ་ནན་མོ་བྱས། འཐུས་མི་རྣམས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིར་མོས་མཐུན་བྱུང་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་བཅོས་སྒྱུར་ཇུས་གཞིར་མགྲིན་གཅིག་ཏུ་མོས་མཐུན་བྱུང་། ཀྲུའུ་ཞི་ཚོགས་པའི་ཚོགས་ཐོག་ནས་བརྡས་ཐག་བཅད་པ་བརྒྱུད་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བཅོས་སྒྱུར་ཇུས་གཞིའི་སྐོར་གྱི་ཚོགས་ཆེན་གྱི་གཏན་འབེབས་འཆར་ཟིན་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས།

ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པར་འོས་སྦྱོར་བྱས་པའི་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མིའི་འོས་མི་ཡི་གྲོས་འགོའི་མིང་ཐོའི་སྐོར་ནས་གསལ་བཤད་བྱས།

ཁྲིན་ཞི་ཡིས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མི་དང་ལྷག་པར་དུ་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣ་འདེམས་བསྐོ་དང་བསྐོ་འཇོག་གཏན་འཁེལ་བྱ་རྒྱུ་ནི། ད་ཐེངས་ཀྱི་ཚོགས་ཆེན་གྱི་ལས་འགན་གཙོ་བོའི་གྲས་ཤིག་ཡིན་ལ། ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གིས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ཁོངས་མི་དང་ལྷག་པར་དུ་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འོས་མིར་ཚད་མཐོའི་མཐོང་ཆེན་གནང་གིན་ཡོད། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་མི་དོན་བཀོད་སྒྲིག་བྱེད་སྟངས་ལ་ཞིབ་འཇུག་བྱེད་སྐབས་ཕྱོགས་ཡོངས་ནས་བསམ་བློ་བཏང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་མགོ་ཁྲིད་ལས་ཁུངས་ཀྱི་འོས་མི་རེ་འགར་གླེང་མོལ་དང་བརྟག་དཔྱད་ཞིབ་འཇུག་བྱས་པའི་དུས་མཚུངས་སུ། སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འབྲེལ་ཡོད་འོས་མིར་དམིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་དང་པུའུ་རིམ་པ། དམག་དཔུང་གི་འཐབ་ཁུལ་རིམ་པ་བཅས་ཀྱི་མགོ་ཁྲིད་གཙོ་བོ་ཡན་གྱི་ཀྲུང་གུང་ཏང་ཡོན་གྱི་འགན་འཁུར་བློ་མཐུན་གཙོ་བོའི་སྐོར་ནས་དངོས་སུ་བཅར་ཏེ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་གཞན་དག་གི་འོས་སྦྱོར་བསམ་འཆར་དང་འབྲེལ་ཡོད་གྲོས་འགོའི་བསམ་འཆར་ལ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གིས་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འོས་མི་འདེམས་ཐོན་བྱུང་བར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་དངོས་སུ་བསྐྱོད་དེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ལ་གཅིག་གྱུར་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཡོངས་དམངས་ཆེན་གྱི་ལས་དོན་ལ་ཤུགས་བསྣན་ནས། ཕྱོགས་སོ་སོའི་སྟོབས་ཤུགས་བསྡུ་འགུགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་ཀྱི་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་། བློ་དཀར་སེམས་དཀར་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ། སྣང་བརྙན་གྱི་འགག་སྒོ་བཅས་ནན་སྐྱོང་བྱེད་པ། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་བྱེད་པར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ། འོས་མི་གསར་པ་འདོན་པར་གཙོ་བོ་རང་ཉིད་ཀྱི་བྱང་ཚད་དང་ཆ་རྐྱེན་ལ་བསམ་བློ་གཏོང་དགོས་ཤིང་། འོས་མིའི་སྤྱོད་ཡོན་བྱང་ཚད་དང་འཇོན་ཐང་། ཐོག་མཐའ་བར་གསུམ་གྱི་རྣམ་འགྱུར་བཅས་ལ་བལྟ་དགོས་ལ། འོས་མིའི་མི་རྒྱུས་དང་དང་ཉམས་མྱོང་། མཚོན་བྱེད་རང་བཞིན་བཅས་ལའང་བལྟ་དགོས་པ་དང་། དུས་མཚུངས་སུ་ལས་ཀའི་དགོས་མཁོ་དང་གྲུབ་ཚུལ་གྱི་བླང་བྱ་ལའང་བསམ་བློ་གཏོང་དགོས། འོས་མིའི་ཁྲོད་དུ་ཕྱོགས་གང་ཅིའི་ཐད་ཀྱི་མགོ་ཁྲིད་གཙོ་བོ་ཡོད་དགོས་ལ། དམིགས་བསལ་ཕྱོགས་ཀྱི་འཐུས་ཚབ་མི་སྣ་ཡང་ཡོད་དགོས་པ་དང་། ད་དུང་བུད་མེད་བློ་མཐུན་དང་གྲངས་ཉུང་མི་རིགས་ཀྱི་བློ་མཐུན་ཡང་ཡོད་དགོས་ཞེས་བསྟན།

ཁྲིན་ཞི་ཡིས་གོང་གསལ་གྱི་རྩ་དོན་གཞིར་བཟུང་ནས་ལས་དོན་དང་ཚན་ཁག་གྲུབ་ཆའི་དགོས་མཁོ་དང་དེ་བཞིན་མི་རེ་ཟུང་ལ་གླེང་མོལ་དང་བརྟག་དཔྱད་ཞིབ་འཇུག་བྱས་ནས་བསམ་འཆར་ལ་ཉན་པ་དང་། རྩ་འཛུགས་ཀྱིས་སྟངས་འཛིན་བྱས་པའི་གནས་ཚུལ་ལ་གཞིགས་ཏེ། ཡང་ཡང་དཔྱད་བསྡུར་འདེམས་བསྐོ་དང་སྤྱི་འདོམས་བསམ་གཞིག་བྱས་པ་བརྒྱུད་གྲོས་བསྡུར་གང་ལེགས་དང་འབྲེལ་གཏུག་ཐེངས་མང་བྱས་ནས། ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ་སྐབས་གསར་པའི་རྒྱལ་ཁབ་སྒྲིག་གཞིའི་མགོ་ཁྲིད་མི་སྣའི་འོས་མིའི་མིང་ཐོ་བཏོན་ཡོད། ཀྲུང་གུང་གི་མི་མ་ཡིན་པའི་འོས་མི་སོ་སོར་ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་པ་བཅས་ཀྱི་བསམ་འཆར་ལ་ཉན་པ་རེད། གསར་དུ་མིང་འདོན་བྱས་པའི་འོས་མིར་ཀྲུང་གུང་གི་འོས་མིར་རྟོག་ཞིབ་བྱས་པ་དང་། ཀྲུང་གུང་མིན་པའི་འོས་མིར་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེའི་རྟོག་ཞིབ་ཀྱི་རྨང་གཞིའི་སྟེང་ནས་ཆེད་མངགས་རྟོག་ཞིབ་བྱས་པ་དང་། འགའ་ཞིག་གིས་བྱ་ཐབས་འོས་འཚམ་སྤྱད་དེ་ཁྱབ་ཁོངས་ངེས་ཅན་ཁྲོད་ཀྱི་བསམ་འཆར་ལ་ཉན་པ་དང་དུས་མཚུངས་སུ། ཏང་སྲོལ་སྲིད་གཙང་གི་གནས་ཚུལ་ཐད་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བསམ་འཆར་ལ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་དངོས་སུ་གྲོས་བསྡུར་བྱས་པ་བརྒྱུད་སྐབས་གསར་པའི་རྒྱལ་ཁབ་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣའི་འོས་མི་སོགས་གྲོས་འགོའི་མིང་ཐོ་བཏོན་པ་ཡིན། ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོ་གྲོས་མོལ་ཚོགས་འདུ་བསྡུས་ནས། འོས་མིའི་གྲོས་འགོའི་མིང་ཐོའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་འཐུས་མི་དང་གྲོས་མོལ་བྱས། ཀྲུང་གུང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་སྟེང་འོས་མིའི་གྲོས་འགོའི་མིང་ཐོར་གྲོས་ཞིབ་བྱས་ནས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་གནང་རྒྱུར་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མིའི་གྲོས་འགོའི་མིང་ཐོ་དེ་ནི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་དགོས་མཁོ་དང་གྲུབ་ཆའི་བླང་བྱ་གཞིར་བཟུང་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། དམངས་གཙོ་ཏང་ཁག་སོ་སོ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ཕྱོགས་ཁག་གཞན་དག་བཅས་ཀྱིས་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་དུ། ཏང་ཕྱི་ནང་གིས་གྲོས་བསྡུར་ཡང་ཡང་དང་གྲོས་མོལ་བྱས་པ་བརྒྱུད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང་ཞིབ་འཇུག་བྱས་ནས་བཏོན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་དང་པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་མགོ་གཙོ་ བཅས་ཀྱི་འོས་མིའི་གྲོས་འགོའི་མིང་ཐོ་ནི་ཕྱོགས་གང་ཅིའི་ཐད་ཀྱི་བསམ་འཆར་ལ་རྟོག་ཞིབ་དང་གཟབ་ཉན་བྱས་པའི་རྨང་གཞིའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་སྟེང་ནས་ཞིབ་འཇུག་བྱས་ཏེ་བཏོན་པ་ཡིན་ཞེས་བསྟན།

ཁྲིན་ཞི་ཡིས་ད་ཐེངས་རྒྱལ་ཡོངས་དམངས་ཆེན་གྱི་སྐབས་བརྗེ་དངོས་ཀྱི་སྐབས་སུ། བློ་མཐུན་ཁག་གཅིག་ལོ་ཚོད་དང་ཡང་ན་ལས་ཀའི་འགྱུར་ལྡོག་སོགས་ཀྱི་དབང་གིས་མུ་མཐུད་དུ་མིང་འདོན་བྱས་མེད། དུས་ཡུན་རིང་པོའི་ནང་དུ། ཁོ་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་དཀའ་སྤྱད་འབད་འབུངས་ཀྱིས་ཕྱག་ལས་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་བཞག་མྱོང་བར་མ་ཟད། ད་ཐེངས་ཡང་བསྐྱར་སོ་སོས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁོངས་མི་རྙིང་ཚབ་གསར་བརྗེ་ཡོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད་པས། ང་ཚོས་ཁོ་ཚོར་བླ་ན་མེད་པའི་གུས་འདུས་ཞུས་པ་ཡིན་ཞེས་བསྟན།

ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་སྟེང་དུ་བརྡས་ཐག་བཅད་པ་བརྒྱུད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འོས་མི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འོས་མི། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པ། དྲུང་ཡིག་ཆེན་མོ་བཅས་ཀྱི་འོས་མི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འོས་མི་བཅས་ཀྲུའུ་ཞི་ཚོགས་པའི་མིང་ཐོག་ནས་མིང་འདོན་བྱས་ཏེ། འཐུས་ཚབ་ཚོགས་པ་སོ་སོས་ནང་གྲོས་དང་གྲོས་མོལ་བྱ་རྒྱུར་འབུལ་རྒྱུ་ཐག་བཅད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧི་མེན་ཅིན། ཚའེ་ཏ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།