ཟླ་གསུམ་པའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་འཐུས་ཚབ་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་ཝང་ཧྭ་ཅེ་ཡིས་གནས་ཚུལ་ཁྱབ་སྒྲོག་བྱས།
ཝང་ཧྭ་ཅེ་ཡིས་མཚོ་སྔོན་འཐུས་ཚབ་ཚོགས་པའི་སྒྲིག་གཞིའི་གནས་ཚུལ་དང་མཚོ་སྔོན་འཐུས་ཚབ་ཚོགས་པས་སྤྲད་པའི་གྲོས་གཞིའི་གནས་ཚུལ། ལོ་ལྔའི་རིང་འགན་འཁྲི་ལག་བསྟར་བྱས་པའི་བྱ་བའི་གནས་ཚུལ། མཚོ་སྔོན་འཐུས་ཚབ་ཚོགས་པ་ཚོགས་འདུར་ཞུགས་པའི་གནས་ཚུལ་སོགས་མཚམས་སྦྱོར་བྱས།
ཝང་ཧྭ་ཅེ་ཡིས་མཚམས་སྦྱོར་བྱས་དོན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་བསྡོམས་པས་འཐུས་མི་ཉེར་བཞི་ཡོད་ལ། དེའི་ནང་དུ་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོ་ནས་ཡོང་བའི་ལག་རྩལ་བཟོ་བའི་འཐུས་མི་ཡོད་པ་དང་། གཞི་རིམ་ནས་ཡོང་བའི་ཞིང་བའི་འཐུས་མི་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཀྱང་ཡོད།
ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བཅོ་བརྒྱད་བར་དུ། མཚོ་སྔོན་འཐུས་ཚབ་ཚོགས་པས་བསྡོམས་པས་གྲོས་གཞི་བརྒྱ་དང་བཅུ་བཞི་བཏོན་ཞིང་དེའི་ནང་གི་གྲོས་གཞི་གཉིས་དང་བསམ་ཚུལ་བཅུ་བདུན་འཐུས་ཚབ་ཚོགས་མིང་ཐོག་ནས་ཡར་སྤྲད་པ་དང་། དེ་གཙོ་བོ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཐོན་ལས་གནས་བཞི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་དང་འབྲེལ་བ་ཡོད།
ཝང་ཧྭ་ཅེ་ཡིས་མཚམས་སྦྱོར་བྱས་དོན། ལོ་ལྔའི་རིང་ལ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱ་དང་ཞེ་བདུན་གཏན་འཁེལ་བྱས་པ་དང་དེར་བཟོ་བཅོས་བྱས་ལ། ལག་བསྟར་བྱེད་མཚམས་བཞག་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་རང་སྐྱོང་སྲོལ་ཡིག ཁེར་སྤྱོད་སྲོལ་ཡིག་གོ་བཞི་ལ་ཞིབ་བཤེར་དང་ཆོག་མཆན་བཀོད་པ། ལྷག་པར་དུ་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་གཏན་འཁེལ་བྱས་པ་དང་། སྐྱེ་ཁམས་ཁྲིམས་སྲོལ་གོ་དྲུག་ལ་བཟོ་བཅོས་བྱས་པས། མཚོ་སྔོན་གྱི་ཁྱས་ཆོས་ལྡན་པའི་སྐྱེ་ཁམས་དཔལ་ཡོན་ཁྲིམས་སྲོལ་ལམ་ལུགས་མ་ལག་ཕལ་ཆར་ཆགས་པར་བྱས། མཚོ་སྔོན་འཐུས་ཚབ་ཚོགས་པས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་བསྡོམས་པས་འཐུས་མིས་བཏོན་པའི་གྲོས་གཞི་བཞི་བརྒྱ་དང་བཞི་བཅུ་བཏོན།
ཝང་ཧྭ་ཅེ་ཡིས་ད་དུང་མཚོ་སྔོན་འཐུས་ཚབ་ཚོགས་པས་སྲིད་གཞུང་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་ཞིབ་བྱས་པའི་གནས་ཚུལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཅིག་བསྡུས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་པའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚེ་ཆི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པར་སོང་ནས་འཐུས་མི་རྣམས་དང་མཉམ་དུ་གྲོས་ཞིབ་བྱས་པའི་གནས་ཚུལ་སོགས་མཚམས་སྦྱོར་བྱས།
བཀྲ་ཤིས་འབུམ་གྱིས་བསྒྱུར།