མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་སྡུར་བྱས།
2023.03.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 85

ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས། སོ་སོར་རང་རང་ཁྱབ་ཁོངས་ཀྱི་ཚན་ཆུང་གྲོས་ཚོགས་ལ་ཞུགས་སྟེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་ནན་ཏན་སྒོས་གྲོས་སྡུར་བྱས།

ཨུ་ཡོན་རྣམས་ཀྱིས་འདོད་དོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱས་ཡོད་ལ། མི་དམངས་མང་ཚོགས་ཀྱི་འདྲ་མཉམ་དྲང་བཞག་གི་སྣ་མང་ཅན་དང་། རིམ་པ་མང་བའི་རེ་ལྟོས་གསར་བར་ཕྱོགས་ཡོངས་ནས་ལན་བཏབ་ཡོད། སྙན་ཞུ་གཉིས་ཀྱིས་དར་ཆ་མཐོན་པོར་སྒྲེང་ཞིང་། གཙོ་གནད་འབུར་དུ་ཐོན་ལ། འགན་སྒྲུབ་དམངས་ཀྱི་ཆེད་དང་། ཁྱད་ཆོས་མངོན་གསལ་དོད་པ། ཞིབ་ཅིང་ཕྲ་བའི་ནང་དོན་དང་ཡང་དག་པའི་གྲངས་ཀ  ཐད་ཀར་གྱི་དཔེ་རིས་བཅས་ཀྱི་རྣམ་པ་དང་། གནད་དོན་ལ་གཞུང་ལུགས་ཀྱིས་འགྲེལ་རྒྱག་པའི་ཐབས་ལ་བརྟེན་ནས། འདྲ་མཉམ་དྲང་གཞག་གི་རིན་ཐང་ལྟ་བ་མངོན་པར་མཚོན་ལ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་ཁག་ཁུར་མངོན་པར་བྱས་ཡོད་པ་མ་ཟད། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པའི་དམ་བཅའ་ནན་མོ་བརྟན་སྲུང་བྱས་ཡོད་པས། ཁྲིམས་སྐྱོང་གི་སྙིང་སྟོབས་ཀྱིས་ཡོངས་སུ་ཁེངས་པ་དང་། ཁྲིམས་སྐྱོང་གི་དད་འདུན་བརྟན་པོ། ཁྲིམས་སྐྱོང་གི་སྟོབས་ཤུགས་མངོན་པར་གསལ་བའི་སྙན་ཞུ་བཟང་པོ་ཞིག་ཡིན་པས། ཁོ་ཚོ་ཡོངས་སུ་འཐད་པ་ཡིན་ཟེར།

ཨུ་ཡོན་རྣམས་ཀྱིས་བལྟས་ན། འདས་པའི་ལོ་ལྔའི་ནང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དཀྱིལ་སྙིང་ལ་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བློ་དཀར་འགན་སྒྲུབ་བྱེད་པ་དང་སྤོབས་པ་ཆེན་པོས་ཕྲག་ཏུ་བླངས་ནས། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བརྗོད་སྙིང་དམིགས་སུ་བཟུང་སྟེ། གསར་གཏོད་ཞབས་ཞུའི་བྱེད་ཐབས་དངོས་གཉེར་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་ལག་བསྟར་བྱས་པ་ཤུགས་དང་ལྡན་ལ། དོན་ཆེན་མང་པོ་ཞིག་སྒྲུབ་པ་དང་དཀའ་གནད་མང་པོ་ཞིག་རྒྱུས་ལོན་བྱས་པ་མ་ཟད། དོན་དངོས་མང་པོ་ཞིག་དམ་འཛིན་བྱས་པས། བྱ་བྱར་ཁྱད་ཆོས་མང་ལ། བྱེད་ཐབས་དོན་དངོས་དང་མཐུན་ལ་གྲུབ་འབྲས་བཟང་པོ་བླངས་ནས། ཁྱད་དུ་འཕགས་པའི་ཁྲིམས་འཛིན་གྱི་རྒྱུགས་ལན་ལེགས་པོ་ཞིག་སྤྲད་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་དྲང་གཞག་ཕན་མཐོ་རྒྱུན་འཁྱོངས་བྱེད་པ་ཤུགས་འདོན་ས་རུ་བྱས་ཏེ། གྱོད་གཞིའི་སྤུས་ཚད་མཐོར་འདེགས་བཏང་ནས། འབད་པ་ཆེན་པོས་མི་དམངས་མང་ཚོགས་ཀྱིས་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་དུ་འདྲ་མཉམ་དྲང་བདེན་མྱོང་ཐུབ་པར་བྱེད་པ་དང་། གྱོད་དོན་སྒྲུབ་པའི་བཅའ་ཁྲིམས་གྲུབ་འབྲས་དང་། ཆབ་སྲིད་གྲུབ་འབྲས། སྤྱི་ཚོགས་གྲུབ་འབྲས་བཅས་ཀྱི་ནུས་ལྡན་གཅིག་གྱུར་སྒྲུབ་ཐུབ་པར་བྱེད་དགོས། མི་དམངས་མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམིགས་ནས། དམངས་ཕན་དམངས་བདེ་ཡི་བྱེད་ཐབས་གསར་བ་སྔར་ལས་མང་བ་བཏོན་ནས། དམངས་ཚིས་བདེ་སྐྱིད་ཇེ་དྲག་ཏུ་གཏོང་བའི་ཁྲོད་ཁྲིམས་འཛིན་གྱི་བྱས་རྗེས་གང་མང་བཞག་ནས། མི་དམངས་མང་ཚོགས་ཀྱིས་འདྲ་མཉམ་དྲང་གཞག་ནམ་ཡང་རང་སྟེང་ནས་མྱོང་ཐུབ་པར་བྱེད་དགོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ཁང་ནན་སྐྱོང་དང་། ཞིབ་དཔྱོད་ནན་མོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་དང་ལས་གཉེར། འགན་འཁྲི། སྒྲིག་ཁྲིམས། བྱེད་ཕྱོགས་བཅས་ཁྱད་དུ་འཕགས་པའི་རྣོ་ལྕགས་ལྟ་བུའི་སྲིད་ཁྲིམས་དཔུང་ཁག་བསྐྲུན་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དུ་གཏོང་བ། བཅོས་སྒྱུར་གྱི་གྲུབ་འབྲས་མི་དམན་པ་བླངས་པ་སྐོར་ཞིག་རྒྱལ་ཁབ་བཅའ་ཁྲིམས་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་གི་རྩ་བ་བརྟན་པོ་དང་། གཏན་འཇགས་ཀྱི་སྔོན་དཔག་དུས་སྐབས། རྒྱང་རིང་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།