ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ལས་རིགས་སོ་སོའི་གྲོས་མོལ་ཚོགས་འདུ་བསྡུས་ནས། མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་སོགས་ལས་རིགས་སོ་སོས་དོ་སྣང་བྱེད་པའི་བརྗོད་གཞི་ལ་དམིགས་ནས་གྲོས་མོལ་བགྲོ་གླེང་བྱས་པ་དང་། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཚོ་སོ་སོར་རང་སོ་སོའི་གྲོས་ཚོགས་ལ་ཞུགས་ཏེ། གྲོས་ཚོགས་ཀྱི་བརྗོད་སྙིང་ལ་དམ་དུ་དམིགས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་གཏམ་བཤད།
མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གྲོས་དོན་ལ་དམིགས་ནས་ཨུ་ཡོན་ཚོས། མཁར་གྲོང་མཉམ་བསྲེས་དང་ཁུལ་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ་ནི། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པའི་ནང་དོན་གཙོ་བོ་དང་། མཉམ་དུ་ཕྱུག་པོར་བསྒྱུར་བའི་ངེས་བརྒྱུད་ཀྱི་ལམ་བུ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་བཅས་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡང་ཡིན་པས། ནུབ་རྒྱུད་ས་ཁུལ་དང་ལྷག་པར་དུ་མཚོ་སྔོན་གྱི་གནས་ཚུལ་དངོས་ལས་བལྟས་ན། རང་བྱུང་ཁོར་ཡུག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆུ་ཚད་ཀྱི་གནོད་པ་ཐེབས་པའི་དབང་གིས། འཕེལ་རྒྱས་དོ་མི་མཉམ་པ་སོགས་ཀྱི་གནད་དོན་ད་དུང་ཅུང་འབུར་ཐོན་ཡིན། དེར་བརྟེན། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་ནས། རྒྱལ་ཁབ་ཀྱི་ཕྱོགས་ངོས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། མཚོ་སྔོན་ལ་རོགས་བྱས་ནས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཛུགས་པ། མཚོ་སྔོན་གྱིས་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་ཕྱོགས་ནས་སྔོན་དུ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱེད་པ། མདོ་ལ་རི་བོ་དང་མཚོ་སྔོན་པོ་སོགས་སྐྱེ་ཁམས་རྩོལ་ནུས་ཁུལ་གཙོ་བོ་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཉམ་དུ་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས། རིགས་གསར་བའི་གྲོང་གསེབ་ཅན་འཛུགས་སྐྲུན་ཕྱོགས་ནས། མཁར་གྲོང་མཉལ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་བར་དང་མཁར་གྲོང་བར། མི་ཚོགས་བར་གྱི་གཞི་རྩའི་སྤྱི་ཐུན་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བ་གཙོ་ཐིག་ཏུ་བྱེད་པ། སྲིད་གཞུང་གིས་གཞི་རྩར་འགན་སྲུང་བྱེད་པ་དང་ཚོང་རའི་རྐྱེན་སྲོལ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཕྱོགས་སོ་སོ་ཟབ་ཞུགས་བྱེད་པའི་སྤྱི་ཐུན་ཞབས་ཞུའི་མཁོ་འདོན་རྣམ་པ་སྣ་མང་འཛུགས་སྐྲུན་བྱས་ནས། མཚོ་སྔོན་གྱི་སྤྱི་ཐུན་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་སྤོ་སྒྱུར་དངུལ་སྟེར་དང་ལས་གཞིའི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཇེ་ཆེར་གཏོང་དགོས། ཁྱད་ལྡན་དགེ་མཚན་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་ཐོན་ལས་གནས་བཞི་འཛུགས་སྐྲུན་ཐད་སྔར་ལས་དོ་སྣང་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཅངས་ཡོད་པའི་ཚུལ་བསྟན།
དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་འབྲེལ་མཐུད་བྱེད་པའི་གྲོས་དོན་ལ་དམིགས་ནས། ཨུ་ཡོན་ཚོས། མཚོ་སྔོན་ལ་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ། མཐོ་སྒང་ས་ཁུལ། དར་རྒྱས་མིན་པའི་ས་ཁུལ་སོགས་ཀྱི་ཁྱད་ཆོས་གཞི་གཅིག་ཏུ་འདུ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་འབྲེལ་མཐུད་བྱེད་པའི་འགན་འཁྲི་ཧ་ཅང་ལྕི། མཚོ་སྔོན་གྱི་ཆེས་ཆེ་བ་གསུམ་གྱི་གནས་ཚུལ་དངོས་དང་གནས་ཐིག་གཏན་ཁེལ་གཞིར་བཟུང་ནས། མཚོ་སྔོན་གྱིས་ཞིང་ཕྱུགས་ལས་ཀྱི་ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་གཉིས་མཉམ་བསྲེས་བྱེད་པ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱེད་རྒྱུའི་ཚུལ་བསྟན།
ལས་རིགས་སོ་སོའི་གྲོས་མོལ་ཁྲོད། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ད་དུང་ཀྲུང་ཧྭ་མི་རིགས་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་ལ་ཤུགས་སྣོན་པ། ཚན་རྩལ་གསར་གཏོད་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་གཙོ་བོའི་ཕྲེང་འབྲེལ་ལེགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་པ། སློབ་གྲྭ་ཆུང་འབྲིང་གིས་མཐུན་སྦྱོར་དང་མཉམ་འབྲེལ་སྒོས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་སོགས་ཀྱི་གྲོས་དོན་ལ་དམིགས་ནས་བཞུགས་མོལ་བགྲོ་གླེང་ལ་ཞུགས་པ་དང་། ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས།
རིན་ཆེན་མཚོས་བསྒྱུར།