འཐུས་མི་ཅང་ཀྲི་ཀང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆུ་ལོག་གནོད་འཚེ་འགོག་སྲུང་བྱ་བའི་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།
2023.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 77

2022ལོར་རང་ཞིང་དུ་གནམ་གཤིས་མི་ལེགས་པ་ཐེངས་མང་བྱུང་བ་དང་། ཁྱབ་ཁོངས་སྔར་ལས་ཆེ་ཞིང་གནོད་འཚེ་སྔ་ན་མེད་པ་ཐེབས་པས། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་གིས། མཚོ་སྔོན་གྱི་ཆུ་ལོག་གནོད་འཚེ་འགོག་སྲུང་བྱ་བའི་ཐད་དུ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། ཆུ་ལོག་གནོད་འཚེ་འགོག་བཅོས་ལས་གཞི་འཛུགས་སྐྲུན་བྱེད་རྒྱུ་ནི་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པའི་མཚོན་བྱེད་གལ་ཆེན་ཡིན། ཀྲུང་དབྱང་གི་ཕྱོགས་ངོས་ནས་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གཙོ་བོར་ཆུ་ལོག་ཡུར་རྐའི་བཟོ་སྐྲུན་བཅོས་སྐྱོང་དང་ཆུ་ལོག་གནོད་འཚེའི་ལྟ་ཞིབ་ཚན་ལེན་དང་སྔོན་བརྡ་ནུས་པ་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ས་ཚིགས་སྒྱུར་བཀོད་དང་ས་ཚིགས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། ཆུ་ལོག་གནོད་འཚེའི་ཁ་གསབ་བརྟག་བཤེར་གདེང་འཇོག་དང་ཉེན་བརྡའི་དམིགས་ཚད་ཞིབ་དཔྱད་སོགས་ཀྱི་བྱ་བའི་ཐད་བཀོལ་རྒྱུའི་རེ་ཞུ་བྱས་པ་ཡིན། བཟོ་སྐྲུན་བྱེད་ཐབས་དང་བཟོ་སྐྲུན་མིན་པའི་བྱེད་ཐབས་མཉམ་འབྲེལ་བྱས་པའི་བཅོས་སྐྱོང་མ་དཔེ་བརྒྱུད་དེ། འགོག་སྲུང་གཙོར་འཛིན་པ་དང་འགོག་བཅོས་ཟུང་འབྲེལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། སྔོན་བརྡ་བཞི་ཡི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ་གཙིགས་སུ་འཛིན་པ། གནས་ཚུལ་བཞིའི་འགོག་སྲུང་སྦྲེལ་མཐུད་བྱེད་པ། ཆུ་ལོག་གནོད་འཚེ་ཐད་ཀྱི་བརྟག་བཤེར་གདེང་འཇོག་དང་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་མ་ལག ཀུན་གྱིས་ལྟ་ཞིབ་དང་འགོག་སྲུང་བྱེད་པའི་མ་ལག འཁོར་རྒྱུག་འགན་སྲུང་དང་ཆུ་ལོག་ཡུར་རྐའི་བཅོས་སྐྱོང་སོགས་ལ་གཅིག་འདོམས་བྱས་ནས། བཟོ་སྐྲུན་མིན་པའི་བྱེད་ཐབས་དང་བཟོ་སྐྲུན་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་པའི་ཆུ་ལོག་གནོད་འཚེ་འགོག་སྲུང་མ་ལག་གྲུབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་གནོད་འཚེ་འགོག་སྲུང་ནུས་པ་སྔར་ལས་ཇེ་མཐོར་གཏོང་དགོས།

རིན་ཆེན་མཚོས་བསྒྱུར།