ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་བདམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ཝང་ཧུའུ་ཉིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ལ་བདམས་པ་དང་། གྲོས་ཚོགས་ནས་དུས་མཉམ་དུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཉེར་གསུམ་བདམས།
གྲོས་ཚོགས་ནས་བདམས་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ནི། ཧྲི་ཐེ་ཧྥིན་དང་ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། (མོ། )ཝང་ཡུང་། ཀྲིག་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། (བོད་རིགས། )ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པ་ཐིར། (སོག་རིགས།) སུའུ་ཧོས། (མོ།) ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲིན་ཝུའུ། (ཀྲོང་རིགས།) མུའུ་ཧོང་། ཞན་ཧོས། (མོ། ཧོས་རིགས། )ཝང་ཏུང་ཧྥིན། ཅང་ཞིན་ཀྲི། ཅང་ཙོ་ཅུན། ཧི་པོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། (མོ། )ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་རེད།
གྲོས་ཚོགས་ནས་ཝང་ཏུང་ཧྥིན་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་པར་མ་ཟད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ཉིས་བརྒྱ་དང་གོ་དགུ་བདམས།
གྲོས་ཚོགས་ཕྱི་དྲོའི་དུས་ཚོད་གསུམ་གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས་པ་དང་། ཧྲི་ཐེ་ཧྥིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས། སྐབས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་བསྡོམས་པས་སྟོང་གཉིས་དང་བརྒྱ་དང་རེ་དགུ་ཡོད་པ་དང་། གྲོས་ཚོགས་ལ་ཨུ་ཡོན་སྟོང་གཉིས་དང་བརྒྱ་དང་ཉེ་ལྔ་ཞུགས་པས་འདེམ་བསྐོའི་ཁྲིམས་བཅད་མི་གྲངས་དང་མཐུན།
སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་འདེམ་བསྐོའི་བྱེད་ཐབས་ལྟར། ཚོགས་ཆེན་སྟེང་རང་མིང་མི་འགོད་པའི་འདེམ་ཤོག་འཕེན་ཐབས་སྤྱད། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་གྲངས་མཚུངས་འདེམ་བསྐོ་བྱེད་ཐབས་སྤྱད་ནས་བདམས་ཐོན་བྱུང་། འདེམ་སྒུག་པར་ཐོབ་པའི་མོས་མཐུན་འདེམས་ཤོག་དེ་ཨུ་ཡོན་ཡོངས་ཀྱི་ཕྱེད་ཀ་ལས་བརྒལ་ན་བདམས་ཐོན་བྱུང་བ་རེད།
འདེམ་བསྐོ་མ་བྱས་པའི་སྔོན་ལ། གྲོས་ཚོགས་ཀྱི་མགོ་འཛིན་པས་ཐོག་མར་ལས་བྱེད་མི་སྣར་སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པའི་མིང་ཐོ་སྒྲོག་འདོན་བྱེད་དུ་བཅུག་རྗེས། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པ་རྣམས་རང་རང་གི་ལས་གནས་སུ་སོང་། འདེམ་ཤོག་ལྟ་སྐུལ་པས་ཚོགས་ར་ཡོངས་ཀྱི་འདེམ་ཤོག་འཕེན་སྒམ་ཉེར་གསུམ་ལ་ཞིབ་བཤེར་བྱས། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་གཉིས་ཀྱིས་གྲོས་ཚོགས་ལ་ཞིབ་བཤེར་མཇུག་འབྲས་ཡར་ཞུ་བྱས།
དེའི་རྗེས་སུ། ལས་བྱེད་མི་སྣས་ཨུ་ཡོན་རྣམས་ལ་འདེམས་ཤོག་བྱིན་པ་དང་། འདེམ་ཤོག་རིགས་གཉིས་ཡོད་དེ། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ་བཅས་འདེམས་པའི་འདེམ་ཤོག་དང་རྒྱུན་ལས་ཨུ་ཡོན་འདེམས་པའི་འདེམ་ཤོག་བཅས་རེད།
ལས་བྱེད་མི་སྣས་འདེམས་ཤོག་འབྲི་བའི་རེ་བ་སྒྲོག་འདོན་བྱས་རྗེས། ཨུ་ཡོན་རྣམས་ཀྱིས་འདེམ་ཤོག་འབྲི་མགོ་བརྩམས། འདེམས་ཤོག་འཕེན་མགོ་བརྩམས་རྗེས། སྤྱིའི་འདེམ་ཤོག་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་པས་ཐོག་མར་འདེམ་ཤོག་འཕངས་པ་དང་། ཨུ་ཡོན་རྣམས་ཀྱིས་རང་ཡོད་སའི་འདེམ་ཤོག་འཕེན་སྒམ་དུ་འདེམ་ཤོག་འཕངས།
ལས་བྱེད་མི་སྣས་འདེམ་ཤོག་ཕྱིར་བསྡུས་པར་སྡོམ་རྩིས་བྱས་རྗེས། སྤྱིའི་ལྟ་སྐུལ་པས་གྲོས་ཚོགས་ཀྱི་མགོ་འཛིན་པར་འདེམ་ཤོག་འཕངས་པའི་མཇུག་འབྲས་མིང་ཐོ་སྤྲད། གྲོས་ཚོགས་ཀྱི་མགོ་འཛིན་པས་འདེམ་བསྐོ་ལ་ཁས་ལེན་ཐོབ་པ་ཁྱབ་སྒྲོག་བྱས།
འདེམ་ཤོག་རྩིས་བརྒྱབ་རྗེས། ལས་བྱེད་མི་སྣས་འདེམ་བསྐོའི་སྡོམ་རྩིས་མཇུག་འབྲས་སྒྲོག་འདོན་བྱས། འདེམ་བསྐོའི་མཇུག་འབྲས་ལས་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། དྲུང་ཡིག་ཆེན་མོ། རྒྱུན་ལས་ཨུ་ཡོན་བཅས་བསྡོམས་པས་འདེམ་སྒུག་པ་སུམ་བརྒྱ་དང་ཉེར་གསུམ་ལ་འདེམ་ཤོག་ཐོབ་ཚད་ཨུ་ཡོན་ཡོངས་ཀྱི་སྤྱི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་ཡོད་པས། ཚང་མ་བདམས་ཐོན་བྱུང་།
འདེམ་བསྐོའི་མཇུག་འབྲས་སྒྲོག་འདོན་མ་བྱས་གོང་ལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་ཆེན་གྱི་ཚོགས་རར་སོང་ནས། གདམ་ཐོན་བྱུང་ལ་ཉེ་བའི་སྐབས་གསར་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུས། གྲོས་ཚོགས་ཀྱི་མགོ་འཛིན་པས་ཝང་ཧུའུ་ཉིང་སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཝང་དབྱང་ཡར་ལངས་ནས་རྟེན་འབྲེལ་ཞུས་པར་མ་ཟད་ཝང་ཧུའུ་ཉིང་དང་ཕྱག་འཇུ་གནང་བས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།
ཚོགས་ར་ཡོངས་ཀྱི་ཨུ་ཡོན་རྣམས་ཀྱིས་སྐབས་གསར་བའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས།
བཀྲ་ཤིས་འབུམ་གྱིས་བསྒྱུར།