ཝང་ཝུའུ་ཉིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དྲིལ་སྒྲོག་ཁྱབ་བསྒྲགས་བྱེད་པར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་འཚམས་འདྲི་མཛད།
2023.03.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 53

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཝུའུ་ཉིང་གིས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དྲིལ་སྒྲོག་ཁྱབ་བསྒྲགས་བྱེད་པར་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་འཐུས་མིར་འཚམས་འདྲི་མཛད་པ་དང་། རྒྱལ་ཡོངས་སྲིད་གྲོས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚབ་བྱས་ཏེ་ཚང་མས་དཀའ་སྤྱད་ཀྱིས་བྱ་བ་བསྒྲུབས་པར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྙིང་ཐག་པ་ནས་བཀའ་དྲིན་ཞུས།

མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། འོད་ཟེར་ཉིན་རེར་ཚགས་པར་ཁང་། དཔལ་འབྱོར་ཉིན་རེའི་ཚགས་པར་ཁང་། ཀྲུང་གོ་ཉིན་རེའི་ཚགས་པར་ཁང་། མི་དམངས་སྲིད་གྲོས་ཚགས་པར་ཁང་། ཀྲུང་གོ་གསར་འགྱུར་ཁང་སོགས་ཀྲུང་དབྱང་གི་གསར་འགྱུར་ལས་ཁུངས་གཙོ་བོའི་འགན་ཁུར་བློ་མཐུན་དང་། ཚོགས་ཆེན་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་ལས་ཁུངས་ཁག་ཅིག་གི་རྩོམ་སྒྲིག་པ་དང་གསར་འགོད་པའི་འཐུས་མི་འཚམས་འདྲིའི་བྱ་འགུལ་ལ་ཞུགས་ནས། གྲོས་ཚོགས་དྲིལ་སྒྲོག་ཁྱབ་བསྒྲགས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།

ཝང་ཝུའུ་ཉིང་གིས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་བདེ་ལེགས་ངང་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་ཆེས་གཙོ་བོ་ཞིག་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་ཡོད་པ་དང་། སྲིད་གྲོས་ཨུ་ཡོན་ཚང་མས་མཉམ་དུ་འབད་བརྩོན་བྱས་པ། དུས་མཉམ་དུ་གསར་འགྱུར་ལས་ཁུངས་དང་རྩོམ་སྒྲིག་པ་དང་གསར་འགོད་པ་མང་པོ་ཞིག་གིས་འབད་འབུངས་ཧུར་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད།

ཝང་ཝུའུ་ཉིང་གིས། ཚོགས་ཆེན་གཉིས་ཀྱི་སྐབས་སུ། ཀྲུང་དབྱང་གི་གསར་འགྱུར་སྨྱན་བྱད་གཙོ་བོས་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བ། ནང་གི་དྲིལ་སྒྲོག་པ་དང་ཕྱི་ཕྱོགས་ཀྱི་དྲིལ་སྒྲོག། སྐུལ་ལམ་དང་སྐུལ་མེད་སོགས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། ཁ་གཏད་ས་མི་འདྲ་བའི་སྒོ་ནས་བབ་བསྟུན་ཁྱད་ཆོས་ལྡན་པའི་གསར་འགྱུར་བརྩམས་ཆོས་མཆོག་གྱུར་སྐོར་ཞིག་བསྒྲགས་ཡོད་ལ། འབྲེལ་ཡོད་གསར་འགྱུར་ཁྱབ་བསྒྲགས་བྱས་པ་འབུར་དུ་ཐོན་ལ། བརྗོད་གཞི་དང་དམ་པོར་སྦྲེལ་བ། གསར་གཏོད་ཀྱི་བྱེད་ཐབས་མངོན་ཡོད་པས། ཚོགས་ཆེན་ལ་དཔྱད་གླེང་གི་རྣམ་པ་ལེགས་པོ་ཞིག་བསྐྲུན་ཡོད། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱི་བློ་མཐུན་རྣམས་ཀྱིས་མུ་མཐུད་དུ་ཀྲུང་གོའི་གཏམ་རྒྱུད་དང་། སྲིད་གྲོས་གཏམ་རྒྱུད། ཨུ་ཡོན་གྱི་གཏམ་རྒྱུད་བཅས་ལེགས་པོར་འཆད་ནས། མཉམ་དུ་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་གཏོང་བའི་ལེའུ་གསར་བ་འབྲི་དགོས་པའི་རེ་བ་བཏོན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥིན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཧྲུའུ་ལེ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་བཅས་མཉམ་དུ་འཚམས་འདྲི་ལ་ཞུགས།

རིག་འཛིན་སྒྲོལ་མས་བསྒྱུར།