ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་བདུན་པ་བསྡུས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་བརྒྱ་དང་གོ་གཉིས་ཡོད་ལ། ཉིན་དེའི་གྲོས་ཚོགས་ལ་འཐུས་མི་བརྒྱ་དང་དགུ་བཅུ་ཞུགས་ཤིང་། འཐུས་མི་གཉིས་ཞུགས་མ་ཐུབ་པ་དང་། འཐུས་མི་ཞུགས་པའི་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་དོན་ཚན་རེ་གཉིས་པ་ལས་གཏན་འཁེལ་བྱས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚོགས་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་སྲིད་ཨུ་ཡོན། པུའུ་སོ་སོའི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རིན། ཀྲུང་གོ་མི་དམངས་དངུལ་ཁང་གི་མགོ་གཙོ། རྩིས་བཤེར་དཔོན་པོ། དྲུང་ཡིག་ཆེན་མོའི་འོས་མི་བཏོན་པ་དང་། ཚོགས་ཆེན་ལ་སྤྲད་དེ་བསྐོ་འཇོག་ཐག་གཅོད་བྱེད་དུ་བཅུག
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་བརྡས་ཐག་བཅད་དེ། ལིས་ཆང་གིས་མིང་བཏོན་པའི་གོང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྩ་འཛུགས་མི་སྣ་གཞན་དག་གི་འོས་མི་རྣམས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།
སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་དུ་ཆེད་དོན་ཨུ་ཡོན་ཨུ་ཡོན་ལྷན་ཁང་བཅུ་བཙུགས་ཡོད། དེའི་ནང་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་མི་སྣའི་མིང་ཐོ་ལ་ཟླ་གསུམ་པའི་ཚེས་ལྔ་ཉིན་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། ཟླ་གསུམ་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་ཆེད་དོན་ཨུ་ཡོན་ལྷན་ཁང་བརྒྱད་ཀྱི་གྲོས་གཞིའི་འོས་མིའི་མིང་ཐོ་བཏོན།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ནས་སོ་སོར་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། ཕྱི་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་། ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཀྲུའུ་རིན་ཨུ་ཡོན་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མི་དེ་དག་ཀྲུའུ་ཞི་ཚོགས་པས་མིང་བཏོན་པ་ཡིན་པའི་ཆ་ནས་འཐུས་ཚབ་ཚོགས་པ་སོ་སོར་སྤྲད་དེ་གྲོས་བསྡུར་བྱེད་རྒྱུ་ཐག་བཅད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧོང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།