འཐུས་མི་ལིའུ་ཞའོ་རུང་གིས་མཚོ་སྔོན་གྱི་གཞི་རྩའི་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་ཐད་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།
2023.03.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 105

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་རྒྱུན་མཐུད་ངང་མ་དངུལ་གཏོང་ཚད་ཇེ་མང་དུ་བཏང་བ་དང་བརྟན་བརླིང་ངང་སྐུལ་འདེད་བཏང་བས། རྒན་གསོ་ཞབས་ཞུའི་མཁོ་འདོན་སྤྱིའི་གྲངས་ཚད་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་དང་སྤུས་ཚད་རིམ་བཞིན་དུ་ཇེ་མཐོར་སོང་ནས། གཞི་རྩའི་རྒན་གསོ་ཞབས་ཞུའི་མ་ལག་འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་ཅུང་བརྟན་པོ་བཏིངས། དེ་དང་མཉམ་དུ། རྒན་འགྱུར་གྱི་ཚད་མགྱོགས་པ་དང་ལོ་ལོན་མི་གྲངས་ཀྱི་ཁྱབ་ཚུལ་དོ་མི་མཉམ་པ། ཕྱུག་པོར་མ་གྱུར་གོང་ལ་ལོ་ལོན་པའི་ཁྱད་ཆོས་འབུར་ཐོན་ཡིན་པས། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ལིའུ་ཞའོ་རུང་གིས། མཚོ་སྔོན་གྱི་གཞི་རྩའི་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་ཐད་སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱར། གཅིག་ནས་རང་ཞིང་གི་གཞིས་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མ་དངུལ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་། ལྷག་པར་དུ་རང་ཞིང་གི་ལོ་ལོན་ཁྱིམ་ཚང་གི་ལོ་ལོན་ལ་འཚམ་པར་བྱེད་པའི་བསྒྱུར་བཀོད་ལས་གཞི་ཐད་རྒྱབ་སྐྱོར་སྔར་ལས་མང་པོ་འདོན་སྤྲོད་བྱས་ནས། ལོ་ལོན་མང་ཆེ་ཤས་ཀྱི་ཁྱིམ་སྡོད་རྒན་གསོ་ཞབས་ཞུའི་དགོས་མཁོ་སྐོང་དགོས། གཉིས་ནས་རང་ཞིང་གི་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་གཙོར་བྱས་པའི་རོང་འབྲོག་ཁུལ་གྱི་རྒན་གསོ་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་མ་དངུལ་གཏོང་ཚད་ལ་ཤུགས་སྣོན་པ་དང་། ལྷག་པར་དུ་རོང་འབྲོག་ཁུལ་གྱི་རོགས་རེས་རྒན་གསོ་ཞབས་ཞུའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་དགོས། གསུམ་ནས་ཀྲུང་དབྱང་དང་ས་གནས་ཀྱིས་གཞི་རྩའི་རྒན་གསོ་ཞབས་ཞུའི་དངུལ་གཏོང་འགན་འཁྲི་མཉམ་འཁུར་བྱེད་པའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཛུགས་པ་མ་ཟད། ལོ་རེ་བཞིན་གཏན་འཇགས་འཕར་སྣོན་དང་འགུལ་རྣམ་ལེགས་སྒྲིག་བྱས་ནས། རང་ཞིང་གིས་གཞིས་ཁུལ་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།