ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས་ཏེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། ལིས་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་ཐག་བཅད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཁྱབ་དང་པོའི་སྟེང་མཚན་བཀོད་པ་དང་། ཚོགས་ཆེན་སྟེང་ཐག་བཅད་པ་ལྟར་ལིས་ཆང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་བསྐོ་འཇོག་བྱས།
ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས།
ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཧན་ཀྲིན། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི་སོགས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་དོན་བདུན་ཡོད་ལ། ཉིན་དེའི་གྲོས་ཚོགས་ལ་འཐུས་མི་སྟོང་གཉིས་དང་དགུ་བརྒྱ་ཞེ་བདུན་ཞུགས་ཤིང་། འཐུས་མི་སུམ་ཅུ་ཞུགས་མ་ཐུབ་པ་དང་། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་ཁྲིམས་བཅད་མི་གྲངས་དང་མཐུན།
གྲོས་ཚོགས་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཏུང་མེན་གྱིས་མགོ་འཛིན་བྱས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་མཱ་ཞིན་རོས་དང་ཝང་ཞའོ་ཧོས། དབྱིན་ཧོང་། སུན་ཧྲའོ་ཁྲིན། ཀྲང་ཡིའུ་ཞ། ཀྲང་ཆིན་ཝེ། ཀྲའོ་དབྱི་ཏི། ཞིན་ཁྲང་ཞིང་། ཏུང་ཡུན་ཧུའུ་བཅས་ཀྲུའུ་ཞིའི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་འདུག་གནས་སུ་བསྡད་ཡོད།
ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཐག་གཅོད་རྒྱུ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་ཐག་གཅོད་རྒྱུ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་འདེམ་རྒྱུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་འདེམ་རྒྱུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་འདེམ་རྒྱུ། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་འདེམ་རྒྱུ་བཅས་རེད།
ཞི་ཅིན་ཕིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མིའི་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་སྡུར་བྱས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་སྡུར་བྱས་པའི་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་དེ་བསྐོ་འཇོག་བྱེད་རྒྱུ་ཐག་བཅད།
གྲོས་ཚོགས་ནས་ཞི་ཅིན་ཕིང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་སྐོར་གྱི་མིང་བཏོན་ཡི་གེ་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་སྐོར་གྱི་མིང་བཏོན་ཡི་གེ་སྒྲོག་འདོན་བྱས།
རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་འོས་མི་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གི་འོས་མི། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོའི་འོས་མི། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འོས་མི་བཅས་ལ་ཀྲུའུ་ཞི་ཚོགས་པས་མིང་བཏོན་རྗེས། འཐུས་ཚབ་ཚོགས་པ་སོ་སོས་གྲོས་སྡུར་དང་གྲོས་མོལ་བྱས། འཐུས་མི་མང་ཤོས་ཀྱི་བསམ་འཆར་ལྟར། ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་འདེམ་སྒུག་པ་ངོ་མའི་མིང་ཐོ་གཏན་འཁེལ་བྱས་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་དེ་འདེམ་བསྐོ་བྱེད་རྒྱུ་རེད།
དུས་ཚོད་དགུ་དང་སྐར་མ་ཞེ་བཞིའི་སྟེང་། སྤྱིའི་འདེམ་ཤོག་ལྟ་སྐུལ་པ་དང་འདེམ་ཤོག་ལྟ་སྐུལ་པས་གློག་རྡུལ་འདེམ་ཤོག་འཕེན་སྒམ་དང་གློག་རྡུལ་འདེམ་བསྐོ་མ་ལག་ལ་ཞིབ་བཤེར་བྱས་རྗེས། ལས་བྱེད་མི་སྣས་འདེམ་ཤོག་སྟེར་མགོ་བརྩམས་པ་དང་། འཐུས་མི་རེ་རེ་ལ་འདེམ་ཤོག་དྲུག་རེ་འབྱོར།
ཚོགས་ཆེན་གྱི་འདེམ་བསྐོ་དང་བསྐོ་འཇོག་ཐག་གཅོད་ཀྱི་བྱེད་ཐབས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིའི་འོས་མི་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན་གྱི་འོས་མི་བཅས་ལ་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་རྒྱུ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་འདེམ་ཤོག་འཕངས་ནས་བརྡས་ཐག་གཅོད་རྒྱུ་ཐག་བཅད།
འདེམ་ཤོག་འབྲི་བ་དང་འདེམ་ཤོག་འཕེན་པ། འདེམ་ཤོག་བརྩི་བ་བཅས་བྱས་པ་བརྒྱུད། དུས་ཚོད་བཅུ་གཅིག་གི་སྟེང་། ལས་བྱེད་མི་སྣས་བརྡས་ཐག་གཅོད་པ་དང་འདེམ་བསྐོའི་འདེམ་ཤོག་སྡོམ་རྩིས་མཇུག་འབྲས་སྒྲོག་འདོན་བྱེད་མགོ་བརྩམས།
ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་གཞིར་བཟུང་བ་དང་འདེམས་ཤོག་འཕངས་ནས་བརྡས་གཅོད་བྱས་པ་བརྒྱུད། བློ་མཐུན་ལིས་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས་རྒྱུ་ཐག་བཅད། འདི་ནི་ཞི་ཅིན་ཕིང་དང་ལིས་ཆང་རྣམ་གཉིས་ཀྱི་ཕྱག་འཇུ་གནང་བའི་ཚུལ་རེད།
ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་གཞིར་བཟུང་བ་དང་འདེམས་ཤོག་འཕངས་ནས་བརྡས་གཅོད་བྱས་པ་བརྒྱུད། བློ་མཐུན་ལིས་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས་རྒྱུ་ཐག་བཅད། འདི་ནི་ལིས་ཆང་དང་ལི་ཁི་ཆང་རྣམ་གཉིས་ཀྱིས་ཕྱག་འཇུ་གནང་བའི་ཚུལ་རེད།
མགོ་འཛིན་པས་བློ་མཐུན་ལིས་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་བདམས་པ་ཁྱབ་སྒྲོག་བྱས་རྗེས། ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས་པ་དང་། ལིས་ཆང་ཡར་ལངས་ཏེ་འཐུས་མི་རྣམས་ལ་གུས་འདུད་ཞུས། དེའི་རྗེས་སུ་ཁོ་རང་ཞི་ཅིན་ཕིང་ཕྱོགས་སུ་འཁོར་ཏེ། ཁོང་གཉིས་ཀྱིས་བརྩེ་བའི་ཕྱག་འཇུ་གནང་བ་དང་། ཞི་ཅིན་ཕིང་གིས་ཁོ་ལ་རྟེན་འབྲེལ་ཞུས། ལིས་ཆང་གིས་ད་དུང་བློ་མཐུན་ལིས་ཁི་ཆང་ལ་ཕྱག་འཇུ་གནང་སྟེ་ཕན་ཚུན་ལ་གུས་པ་མཚོན་པར་བྱས།
དེའི་རྗེས་སུ། མགོ་འཛིན་པས་བློ་མཐུན་ཀྲང་ཡིའུ་ཞ་དང་ཧི་ཝེ་ཏུང་གཉིས་ཀ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། བློ་མཐུན་ལིས་ཧྲང་ཧྥུའུ་དང་ལིའུ་ཀྲིན་ལིས། མེའོ་ཧྭ། ཀྲང་ཧྲིན་མེན་བཅས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ། བློ་མཐུན་ལིའུ་ཅིན་གོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ། བློ་མཐུན་ཀྲང་ཅུན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ། བློ་མཐུན་དབྱིན་ཡུང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ལ་བདམས་པ། འདེམ་སྒུག་པ་བརྒྱ་དང་ང་དགུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་བཅས་རིམ་པ་བཞིན་ཁྱབ་སྒྲོག་བྱས།
བརྡས་ཐག་གཅོད་པ་དང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་བྱེད་སྐབས། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་བྱུང་།
ཟླ3པའི་ཚེས11ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིང་བཏོན་པ་གཞིར་བཟུང་བ་དང་འདེམས་ཤོག་འཕངས་ནས་བརྡས་གཅོད་བྱས་པ་བརྒྱུད། བློ་མཐུན་ལིས་ཆང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལིར་བདམས་རྒྱུ་ཐག་བཅད། འདི་ནི་ལིས་ཆང་གིས་རྩ་ཁྲིམས་དམ་བཅའ་འཇོག་བཞིན་པའི་ཚུལ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་སྐོར་གྱི་རྩ་འཛུགས་བྱེད་ཐབས་ལྟར། ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་རྗེས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཅིན་གོ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་དབྱིན་ཡུང་བཅས་ཀྱིས་སོ་སོར་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱིས་གཅིག་བསྡུས་སྒོས་དམ་བཅའ་བཞག
བཀྲ་ཤིས་འབུམ་གྱིས་བསྒྱུར།