འཐུས་མི་མཱ་ཧྲི་གུང་གིས་མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་ལུས་རྩལ་འགུལ་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།
2023.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

མཚོ་སྔོན་གྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་དེ་ཐོན་སྐྱེད་ངལ་རྩོལ་དང་ཁྱད་དུ་འཕགས་པའི་མི་རིགས་རིག་གནས་ལས་བྱུང་བ་ཡིན་ལ། ས་གནས་མང་ཚོགས་ཀྱི་ལུས་སྦྱོང་དང་རིག་གནས་བརྗེ་རེས། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་ཁྱབ་ཁོངས་བཅས་སུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱིན་ཡོད་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གཞན་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ལྡན་པས། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་གུང་གིས། མཚོ་སྔོན་གྱིས་རྒྱལ་ཡོངས་མི་རིགས་ལུས་རྩལ་འགུལ་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་བཤད་རྒྱུར། མི་རིགས་སྲོལ་རྒྱུན་ལུས་རྩལ་འགུལ་སྐྱོད་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ལུས་རྩལ་འགུལ་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ན། ས་གནས་ཀྱི་ལུས་རྩལ་དེ་གནས་སྐོར་དང་མི་རིགས་རིག་གནས་དང་མཉམ་བསྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་ཐུབ། གཅིག་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱལ་ཡོངས་མི་རིགས་ལུས་རྩལ་འགུལ་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བའི་ཐད་ནས་སྲིད་ཇུས་དང་ཚད་གཞི། མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ། གཉིས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་མི་རིགས་ལུས་རྩལ་འགུལ་སྐྱོད་ཡུལ་གནས་འཛུགས་སྐྲུན་ཐད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གནས་གཏན་ཁེལ་བྱས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་སྤོ་ལོ་ར་བ་དང་མི་རིགས་མདའ་འཕེན་ར་བ། མི་རིགས་རྟ་རྒྱུག་ར་བ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། གསུམ་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་མི་རིགས་སྲོལ་རྒྱུན་མདའ་འཕེན་ལས་གཞི་བདམས་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཁྲོད་འཇོག་པ་དང་། མཚོ་སྔོན་གྱི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགུལ་སྐྱོད་རྒྱལ་ཡོངས་སུ་བསྐྱོད་པ་དང་འཛམ་གླིང་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་བཅས་ཀྱི་གྲོས་གཞི་བཏོན།

རིན་ཆེན་མཚོས་བསྒྱུར།