མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་ཕྱིར་ཟི་ལིང་དུ་ཐོན།
2023.03.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཚོགས་ཆེན་གྱི་གྲོས་རིམ་ཁག་བདེ་ལེགས་ངང་ཡོངས་འགྲུབ་བྱས་རྗེས་གནམ་གྲུར་བསྡད་ནས་ཕྱིར་ཟི་ལིང་དུ་ཐོན།

གྲོས་ཚོགས་སྐབས་སུ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆབ་སྲིད་ཀྱི་སྤྲོ་སྣང་ཆེན་པོ་དང་ཚད་མཐོའི་འགན་འཁྲིའི་འདུ་ཤེས་བཅངས་ནས། འགན་སྒྲུབ་ནན་མོ་བྱེད་པའི་རྣམ་པ་ལེགས་པོ་ཞིག་མངོན་ཡོད། ཚང་མས་གཅིག་གྱུར་གྱིས་བལྟས་ན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་དང་དྲིལ་སྒྲོག  ལག་བསྟར་བཅས་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་ཆེན་ལ་དམ་པོར་དམིགས་ཏེ་འགན་སྒྲུབ་ནན་མོ་བྱེད་དགོས་པར་འདོད་ལ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་དམིགས་སུ་བཟུང་སྟེ། བློ་འདོན་ཇུས་འབུལ་དང་ཐུན་མོང་ལྟ་བ་གཅིག་སྡུད་བྱེད་པའི་སྟེང་ཤུགས་བཏོན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་བྱས་རྗེས་སྔར་ལས་ལྷག་པ་འཇོག་དགོས་ཟེར།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལིས་ཆིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་གནང་བ་དེ་ནི་ང་ཚོའི་བརྟན་ཤུགས་དང་གདིང་ཤུགས་ཡིན་ལ། ཆོད་སེམས་དང་ཡིད་ཆེས་ཡང་ཡིན། བཟོ་ཚོང་མཉམ་འབྲེལ་ལས་རིགས་ཀྱི་སྲིད་གྲོས་ཨུ་ཡོན་དང་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་མངགས་བཅོལ་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་མཆན་བཀོད་དགོངས་དོན་བརྩི་སྲུང་ནན་མོ་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་དམ་པོར་སྦྲེལ་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་དང་དམ་པོར་སྦྲེལ་ནས། བདེ་ཐང་གཉིས་ལ་ཞབས་འདེགས་ཞུ་བ་དང་། བློ་འདོན་ཇུས་འབུལ་བྱེད་པ། འགན་སྒྲུབ་ནན་མོ་བྱས་ཏེ། དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱིས་དུས་རབས་དང་མཉམ་སྐྱོད་བྱེད་པའི་མཚོ་སྔོན་གྱི་གཏམ་རྒྱུད་དང་ཀྲུང་གོའི་གཏམ་རྒྱུད་མངོན་པར་མཚོན་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས་བཤད་རྒྱུར། གྲུབ་འབྲས་ཆེན་པོ་དང་ཡིད་ཆེས་ཆེན་པོ་ཐོབ་སོང་། ཕྱིར་ལས་གནས་སྟེང་ཐོན་ན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་བཟང་པོ། ལག་བསྟར་མཐའ་འཁྱོལ་བཅས་བྱས་ཏེ། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་འགན་སྒྲུབ་ཀྱི་ལག་ལེན་དངོས་དང་ཟུང་སྦྲེལ་བྱེད་པ་དང་། རྒྱལ་དོན་དུ་འགན་སྒྲུབ་དང་དམངས་དོན་དུ་ཁག་ཁུར་བྱེད་པ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྲིད་གྲོས་ཨུ་ཡོན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན།