རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་བདུན་པ་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ལིའུ་ཅུན་ཁྲིན་གྱིས་ཕུལ་བའི་ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་སྲིད་གཞུང་བྱ་བའི་སྙན་ཞུ་དང་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་འཆར་ཟིན་དྲུག་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་། གྲོས་ཆོད་འཆར་ཟིན་དྲུག་ལ་བརྡས་ཐག་བཅད་པའི་མ་ཡིག་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ནས་གོང་གི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་བཅད་པའི་མ་ཡིག་དེ་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དགུ་པར་སྤྲད་དེ་གྲོས་ཞིབ་བྱེད་པར་འཐད་པ་བྱུང་།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།
བཀྲ་ཤིས་འབུམ་གྱིས་བསྒྱུར།