རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོས་ཚོགས་ཐེངས་དགུ་པ་བསྡུས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་མཛད།
གྲོས་ཚོགས་ལ་མི་བརྒྱ་དང་གོ་གཉིས་ཞུགས་དགོས་པ་དང་། མི་བརྒྱ་དང་དགུ་བཅུ་གྲོས་ཚོགས་ལ་ཞུགས་ཤིང་། མི་གཉིས་གྲོས་ཚོགས་ལ་ཞུགས་མེད། གྲོས་ཚོགས་ལ་ཞུགས་པའི་མི་གྲངས་དེ་ཁྲིམས་བཅད་མི་གྲངས་དང་མཐུན།
ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར། འཐུས་ཚབ་ཚོགས་པ་སོ་སོས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་དྲུག་ལ་གྲོས་ཞིབ་བྱས་པ་དང་། ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་སྤྲད་དེ་བརྡས་ཐག་གཅོད་རྒྱུར་འཐད་པ་བྱུང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་ལྟར། གྲོས་ཆོད་འཆར་ཟིན་སོ་སོ་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་གྲོས་གཞི་བཏོན།
ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་སྟེང་སོ་སོར་བརྡས་ཐག་བཅད་དེ་གོང་གི་འཆར་ཟིན་དག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་པར་སྤྲོད་རྒྱུའི་ཐག་བཅད།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལིས་ཀན་ཅེ་དང་ལིས་ཧུང་ཀྲུང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཏེན་ཀྲུང་ལིས། ཧའོ་མེན་ཅིན། ཚའེ་ཏ་ཧྥིན། ཧི་ཝེ། ཝུའུ་ཝེ་ཧྭ་བཅས་གྲོས་ཚོགས་ལ་ཞུགས།
ལྷ་མོ་ཚེ་རིང་གིས་བསྒྱུར།