རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།
2023.03.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 54

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་མཛད་དེ་དམ་བཅའ་འཇོག་པར་ལྟ་རྟོག་མཛད།

སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ། ཀྲའོ་ལི་ཅི་ཡིས་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་མཛད། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ད་སོ་མ་གྲོལ་མ་ཐག་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ནས་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པས་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྩ་ཁྲིམས་ལ་དམ་བཅའ་བཞག

དམ་བཅའ་བཞག་རྗེས་ཀྲའོ་ལི་ཅི་ཡིས་ཚང་མས་ཐོག་མཐའ་བར་གསུམ་དུ་དམ་བཅའི་མནའ་ཚིག་ཡིད་ལ་དམ་པོར་བཟུང་ཞིང་། རྩ་ཁྲིམས་ལ་བློ་དཀར་བ་དང་རྩ་ཁྲིམས་བརྩི་སྲུང་བྱེད་པ། རྩ་ཁྲིམས་ལ་སྲུང་སྐྱོབ་བྱེད་པ། རྩ་ཁྲིམས་ཀྱི་ལག་བསྟར་ལ་ཤུགས་སྣོན་བྱས་ནས་རྩ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།