ཉན་མཁན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་རབ་རྒན་སྡེ་བའི་ཕྱུག་འགྱུར་གྱི་ལམ་བུ་ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་ཞིབ་ཏུ་ཉན་པར་དགའ་བསུ་ཞུ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ན། ལས་འགན་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་དེ་སྔར་བཞིན་གྲོང་གསེབ་དུ་ཡོད”ཅེས་གསུངས་པ་ལྟར།ཀོས་ནན་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྙན་ཞུའི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས་དམངས་ཡོངས་མཉམ་དུ་ཕྱུག་པོ་འགྱུར་བར་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་བསྐྲུན།
ཉི་འོད་རབ་ཏུ་འཚེར་བའི་སྔ་དྲོ་ཞིག་ལ། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ར་ཡུལ་ཚོའི་རབ་རྒན་སྡེ་བར་ཐོན་པ་ན། སྡེ་མི་ཀུན་ཞིང་ལས་ཐོན་སྐྱེད་ཀྱི་ལས་ལ་བྲེལ་བཞིན་འདུག སྡེ་བ་དེ་ནི་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅུའི་མཚམས་སུ་གནས་ཤིང་། སྡེ་བ་ཡོངས་ལ་ཁྱིམ་ཚང་བརྒྱ་དང་བདུན་ཅུ་ལྷག་དང་། མི་གྲངས་བརྒྱད་བརྒྱ་དང་སུམ་ཅུ་ལྷག་ཡོད་ལ། ཞིང་ཕྱུགས་གཉིས་ཀ་གཉེར་བའི་གནས་སྤོར་སྡེ་བ་ཞིག་རེད། རྒྱུས་ལོན་བྱས་པ་ལྟར་ན། རབ་རྒན་སྡེ་བ་ནི་སྔོན་ཆད་ཚྭ་རྔ་འགག་གི་པེད་སི་ཐང་དུ་ཆགས་ཤིང་། ཆུ་མཛོད་བསྐྱིལ་རྗེས་རྫོང་མཁར་གྱི་ཉེ་འདབས་སུ་གནས་སྤར་ཏེ་འཚོ་བ་གསར་བ་རོལ་མགོ་བརྩམ། ད་ལྟ་སྡེ་བ་ཡོངས་ལ་རྩྭ་ས་མུའུ་ཁྲི་གཅིག་སྟོང་ལྔ་དང་། ཞིང་ས་སྤྱི་བསྡོམས་པས་ས་མུའུ་ཁྲི་གཅིག་དང་དྲུག་བརྒྱ་སུམ་ཅུ་ཡོད་ཅིང་། གཙོ་བོ་གྲོ་དང་། ནས། སྲན་མ། མ་རྨོས་ལོ་ཏོག་སོགས་འདེབས་འཛུགས་བྱེད་བཞིན་ཡོད་པ་དང་། 2020ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་མ་རྐང་མཉམ་ལས་ཁང་ཞིག་བཙུགས་ཤིང་། གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཏུ། རབ་རྒན་སྡེ་བ་ཐུན་མོང་མ་ཡིན་པའི་ཕྱུག་འགྱུར་གྱི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་པ་བྱུང་།
མཐའ་མི་མངོན་པའི་ལྗང་མདོག་གི་ཞིང་ས་དང་གྲལ་ལྟར་བསྒྲིགས་པའི་ཞིང་ལས་འཕྲུལ་ཆས་སྣ་ཚོགས་ཀྱིས་སྡེ་བ་དེར་སྔར་ལས་མཛེས་སྡུག་གི་གཟི་ཉམས་ཤིག་བསྩལ་འདུག
རབ་རྒན་སྡེ་བ་ནི་སྔོན་ཆད་ཞིང་ཕྱུགས་ཐོན་སྐྱེད་ཀྱི་ནུས་ཤུགས་ཉམས་ཤིང་ཁ་འཆམ་འགྲིག་མཐུན་གྱི་མཐུན་སྒྲིལ་ལྷོད་པའི་སྡེ་བ་དབུལ་བོ་ཞིག་ཡིན་མོད། འོན་ཀྱང་ཆུ་མཛོད་མཐའ་འཁོར་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཆེད། ལོ་རྒྱུས་ཀྱི་གནས་རྙིང་བློས་བཏང་ནས་གནས་ཡུལ་གསར་བ་འདིར་སྤར་བ་རེད། དེའི་སྐོར་རབ་རྒན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་ཡིད་ཆེས་དང་སྤོབས་པས་ངང་ནས་བཤད་རྒྱུར།
ང་ཚོའི་སྡེ་བ་ཚ་རྔ་འགག་གི་རྐྱེན་གྱིས2000ལོར་སྡེ་གསར་འདིར་གནས་སྤར་ཡོང་བ་རེད། དང་ཐོག་ཡོང་དུས་ཞིང་འདེབས་ཕྱོགས་ཀྱི་སྟེང་ནས་དཀའ་ཁག་མང་པོར་འཕྲད། སྔོན་ཆད་ང་ཚོ་ཆུ་མ་ས་ཆ་ཡིན་པ་དང་། འདིར་ཡོང་ན་རི་མ་འདེབས་དགོས་པས། ཞིང་འདེབས་མ་ཤེས་པར་ལོ་གཅིག་གཉིས་ཞིག་ལ་དཀའ་ཁག་མང་པོ་མྱངས། དེ་ནས་ཀོས་ནན་རྫོང་ཞིང་ཕྱུགས་ཅུའུ་ཡིས་སྡེ་བའི་ནང་ལག་རྩལ་ཁྲིད་པ་དང་། ལུད་རྫས་ལ་སོགས་ཀྱི་རོགས་རམ་བྱས་ནས་རིམ་གྱིས་རིམ་གྱིས་ཇེ་བཟང་དུ་སོང་བ་དང་། དེའི་ཕན་ཆད་ནས་སྡེ་བ་གཞུང་ལ་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་ཞིག་ཡོད་པ་དང་། 2021ལོ་ནས་བཟུང་འདིའི་རྗེས་སྐྱོང་ནས་ལོ་གཅིག་ལ་ཡོང་སྒོ་སྒོར་མོ་འབུམ་ལྔ་ནས་འབུམ་དྲུག་རེ་བཙལ་བཞིན་ཡོད་པ་དང་། ལྷག་པར་དུ་ན་ནིང་གྲོང་གསེབ་དར་སྤེལ་ཅུའུ་ཡིས་སྒོར་མོ་ས་ཡ་བདུན་ལྷག་བཏང་ནས་འཕྲུལ་ཆས་ཀྱི་རིགས་སྣ་ཁ་ཉེར་ལྔ་ཉོས་པ་དང་། ང་ཚོ་སྡེ་བ་གཞུང་གི་ཞིང་ས་ཟེར་ན་ཆོག་གི རང་གི་ཞིང་འབྲེག་རྒྱུ་ར་དེའི་སྟེང་ནས་སྡེ་བ་གཞུང་ནས་བྲེག་པ་དང་། སྡེ་བ་གཞུང་ནས་ལས་ཀོ་ནོ། དེའི་ཕན་ཆད་ནས་སྒོ་ཕྱི་ལ་སོང་ནས་ཞོར་ལས་གཉེར་ཏེ་སྒོར་མོ་ར་མང་པོ་མང་པོ་ཞིག་བཙལ་གི་ཡོད། ད་ལོར་ང་ཚོ་སྡེ་བ་གཞུང་ནས་འཆར་གཞི་འཐེན་ནོ་ཡིན་ན། སྡེ་བ་ནང་གི་མི་རེ་ལ་སྒོར་མོ་སྟོང་གཅིག་རེ་བགོ་རྒྱུའི་འཆར་གཞི་འཐེན་ཡོད།
རབ་རྒན་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་དང་རྩ་འཛུགས་ལ་བརྟེན་ནས་སྔ་གཞུག་ཏུ་སྡེ་བ་གཞུང་ནས་སྒོར་མོ་འབུམ་བཞི་ལྷག་བཏང་ནས་ཞིང་ལས་འཕྲུལ་ཆས་བཅོ་ལྔ་ཉོས་ཤིང་། དེ་དག་ས་ཕྱོགས་སོ་སོར་སོང་ནས་ཞོར་ལས་གཉེར་སྟབས།དང་ཐོག་སྡེ་བར་ལོ་གཅིག་ལ་སྒོར་མོ་ཁྲི་བཞི་ནས་ཁྲི་ལྔའི་ཡོང་སྒོ་བཙལ་བ་དང་། རྗེས་སུ་སྒེར་ལ་ཡོད་པའི་ཞིང་ལས་འཕྲུལ་ཆས་མ་རྐང་དུ་འཇོག་པའི་རྣམ་པ་སྤྱད་ནས་ཞིང་ལས་འཕྲུལ་ཆས་ཀྱི་མཐུན་ཚོགས་ཤིག་བཙུགས་པ་རེད། མཐུན་ཚོགས་དེས་གཞུང་སྒེར་གྱི་འཕྲུལ་ཆས་ཡོད་ཚད་གཅིག་གྱུར་དོ་དམ་དང་གཅིག་གྱུར་བཀོལ་སྤྱོད་ཀྱི་རྩ་དོན་ལྟར་ཕྱོགས་སོ་སོར་སོང་ནས་ཞོར་ལས་གཉེར་བའི་ཁར་ལུག་དྲུག་བརྒྱ་གསོ་སྤེལ་བྱས་ཏེ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོར་བཏིངས་བར་མ་ཟད། མ་འོངས་པར་ད་དུང་བ་མོ་གསོ་སྤེལ་བྱས་ནས་མཉམ་ལས་ཁང་གི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུའི་འཆར་གཞི་ཡང་བཟོས་ཡོད་པ་རེད།
ཞའོ་ཁྲང་ཆིན་ནི་ཀོས་ནན་རྫོང་ཞིང་ཕྱུགས་ཆུ་བེད་ཅུའུ་ཡི་ལས་བྱེད་མི་སྣ་ཞིག་ཡིན་ཞིང་། ན་ནིང་ལོར་རབ་རྒན་སྡེ་བར་ཡོང་ནས་ཧྲུའུ་ཅི་དང་པོའི་འགན་ཁུར་བ་རེད། ཁོས་སྡེ་བའི་ཡོང་སྒོའི་ཐད་ནས་འདི་ལྟར་བཤད་བྱུང་།
2019ལོར་ཀྲུང་དབྱང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བར་རོགས་རམ་བྱེད་པའི་མ་དངུལ་སྒོར་མོ་འབུམ་ལྔ་བཀོལ་ཏེ་འབྲུ་རིགས་ཉོས་པ་དང་། 2021ལོའི་ལོ་མཇུག་ལ། ཆེས་ཐོག་མར་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་འགྱུར་ལྡོག་བཏང་སྟེ་བོད་ལུག་ཉོས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲོད་མ་དངུལ་སྒོར་མོ་ས་ཡ་གཅིག་བཀོལ་ཏེ་ཚོང་ཁང་ཉོས་ནས་གཞན་ལ་གླས་ཤིང་། 2022ལོར། ཁྱིམ་ཚང་གི་ས་ཞིང་མུའུ་སྟོང་དྲུག་དང་དྲུག་བརྒྱ་འཁོར་རྒྱུག་བྱས་པ་བརྒྱུད། སྒོར་མོ་ས་ཡ་གཅིག་ལྷག་གི་ཡོང་སྒོ་ཡོད་པར་གྱུར། 2022ལོར། ཡོང་སྒོ་སྒོར་མོ་འབུམ་བདུན་ལྷག་ལ་སླེབས་ཤིང་། ཁྱིམ་ཚང་རེར་སྒོར་མོ་ཁྲི་གཅིག་རེའི་ཡོང་སྒོ་ཡོད་པར་གྱུར།
རབ་རྒན་སྡེ་བའི་ཏང་ཀྲི་པུའུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་བསྟུན་ནས་མང་ཚོགས་ཀྱི་འཚོ་བ་རོལ་སྟངས་དང་བསམ་བློའི་གོ་རྟོགས་ལའང་འགྱུར་བ་ཆེན་པོ་བྱུང་ཡོད། དེ་བས་སློབ་གསོ་ནི་སྡེ་མི་རྣམས་དབུལ་ཐར་བྱེད་པའི་རྩ་བ་ཡིན་པར་དམིགས་ནས། 2019ལོ་ནས་བཟུང་སློབ་གསོའི་རོགས་སྐྱོར་ཚོགས་པ་ཞིག་བཙུགས་པ་དང་། ཚོགས་པས་སྡེ་བའི་ནང་གི་མཐོ་འབྲིང་དང་ཆེད་སྦྱོང་། དངོས་གཞི། ཞིབ་འཇུག་སོགས་སློབ་མ་བདུན་བརྒྱ་དང་ལྔ་བཅུ་ལྷག་ལ་ཚད་གཞི་མི་འདྲ་བའི་སྒོ་ནས་སྒོར་མོས་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་སྒོར་མོ་འབུམ་དགུ་དང་ཁྲི་བརྒྱད་ལ་སླེབས། ད་ལྟའི་བར། སྡེ་བ་འདི་རུ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པའི་སློབ་མ་བརྒྱ་ལྷག་དང་། རྒྱལ་ཁབ་ཀྱི་བྱ་བའི་སྟེང་ཞུགས་པའི་ལས་བྱེད་པ་བཞི་བཅུ་ལྷག་ཡོད། གླེང་རིན་ཡོད་པ་ཞིག་ལ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་མ་སྐོར་ཞིག་གིས་ད་དུང་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རོགས་རམ་གྱི་ནུས་པ་ཐོན་བཞིན་འདུག
ཀོས་ནན་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་མ་དངུལ་གྱི་རོགས་སྐྱོར་བྱས་པར་བརྟེན་ནས། རབ་རྒན་སྡེ་བས་རྒན་རྒོན་རོགས་རེས་བདེ་སྐྱིད་གླིང་ཞེས་པ་ཞིག་བཙུགས་ཏེ། སྡེ་བའི་རྒན་པ་རྣམས་ལ་ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཞིག་རོལ་དུ་བཅུག ད་ལོ་ལོ་ན་དྲུག་ཅུར་སོན་པའི་རབ་རྒན་སྡེ་བའི་སྡེ་མི་འཕགས་པ་ཚེ་རིང་གིས་བཤད་རྒྱུར།
ང་པེད་སི་ཐང་ན་ཡོད་དུས་ཁྱིམ་ཚང་མེད་པོ་ཡིན་པ་དང་། དཀའ་ངལ་ཆེན་པོ་ཡོད་ནེ་དེ་འདྲ་ཞིག་རེད། ད་སྡེ་གསར་འདིར་ཡོང་ངེ་རྒྱལ་ཁབ་ཀྱིས་རོགས་བྱས་ནས་ཞོར་ལས་ལ་འགྲོ་དགོ་ན་སྟབས་བདེ་ཡིན་ནོ། དེ་ལྟར་ལོ་རེ་བསྡད་ཀྱིན་ཁྱིམ་ཚང་ཇེ་བཟང་ནས་ཇེ་བཟང་དུ་འགྲོ་བཞིན་པ་ལྟོས་ན་ཤེས་ཀི ད་དུང་ལོ་ལོན་ཚང་མར་རྒན་གསོ་ཁང་བཙུགས་ནས་ཚང་མ་དྲོས་ཇ་ཡོང་ནས་སྐོལ་ནས་དེ་ལྟར་བྱས་ན་རིན་པ་གཅིག་ཀྱང་སྟེར་མི་དགོས་པ་རེད། ད་དུང་འདི་ནས་ལོ་ལོན་ཚང་མ་མཉམ་དུ་ཁ་བརྡ་བྱས་ནས་འགྱིག་བཏབ་བེ་བསྡད་ན་སེམས་ཁམས་སྐྱིད་གོ་གི རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན་ཡིན་པས། མཉམ་དུ་ཕྱུག་པོར་འགྱུར་རྒྱུ་ནི་རབ་རྒན་སྡེ་བའི་སྡེ་མི་ཀུན་གྱིས་ཐུན་མོང་གི་རེ་འདུན་དང་མཐར་གཏུག་གི་དམིགས་འབེན་ཡིན།
གོང་དུ་ཚང་མས་ཉན་པ་ནི་རབ་རྒན་སྡེ་བའི་ཕྱུག་འགྱུར་གྱི་ལམ་བུ་ཞེས་པ་དེ་ཡིན།
གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ།
རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབང་གྲགས་ཚེ་རིང་།