གནའ་བོའི་ལག་རྩལ་གྱིས་སྐྲུན་པའི་བདེ་སྐྱིད་འཚོ་བ།
2023.06.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 70

ཉན་མཁན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་གནའ་བོའི་ལག་རྩལ་གྱིས་སྐྲུན་པའི་བདེ་སྐྱིད་འཚོ་བ་ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་ཞིབ་ཏུ་ཉན་པར་དགའ་བསུ་ཞུ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་བསྟན་པའི“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བཞིན་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས”ཞེས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས་ས་གནས་ཀྱི་རིག་གནས་ཐོན་ལས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་བཞིན་ཡོད།

བོད་ཟླ་བཞི་བ་ཚེས་རུང་། མཚོ་འཕང་ལ་མུས་སྟོང་གསུམ་དང་སུམ་བརྒྱ་ལྷག་ཡོད་པའི་ཞིན་ཧེ་རྫོང་ལ་དབྱར་གྱི་ལྗང་མྱུག་གི་སྟ་གོན་ཙམ་ལས་མངོན་མི་འདུག ཞིན་ཧེ་རྫོང་གི་ཐོན་ལས་ར་བའི་ནང་ཡོད་པའི་གངས་ལྗོངས་གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་ཡིས་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ཐོན་ལས་ལ་བརྟེན་ནས་འབྱོར་འབྲིང་གི་འཚོ་བའི་ལམ་ཆེན་སྟེང་ཤུགས་ཀྱིས་བསྐྱོད་བཞིན་འདུག རྒྱུས་ལོན་བྱུང་བ་ལྟར་ན། ཀུང་ཟི་དེ་ནི2013ལོར་བཙུགས་པ་དང་། 2016ལོ་ནས་བཟུང་། སྤྱིའི་འགན་འཛིན་པ་ཚེ་དབང་རྡོ་རྗེ་ལྷ་ས་དང་། སི་ཁྲོན། ཀན་སུའུ་སོགས་བོད་འབྲེལ་ས་ཁུལ་དུ་སོང་ནས་གནའ་བོའི་བོད་ཤོག་དང་། གནའ་བོའི་སྨན་སྤོས། གསེར་བྲིས་དངུལ་བྲིས་སོགས་ལག་ཤེས་ཐོན་ལས་མང་པོ་ཞིག་ལ་སློབ་སྦྱོང་བྱས་པ་དང་། 2020ལོར་ཕྱིར་རང་གི་ཕ་ཡུལ་ཏུ་ལོག་ནས་མི་རིགས་རང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ལག་རྩལ་འཛིན་སྐྱོང་སྤེལ་གསུམ་ལ་འབད་པ་བྱེད་བཞིན་པ་ཤེས་རྟོགས་བྱུང་།

བོད་ཤོག་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་རྒྱུ་ཆ་དང་བཟོ་རྩལ་ཐད་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་གཞུང་ལུགས་མ་ལག་འཐུས་ཚང་ལྡན་པ་ཞིག་ཡིན་ཞིང་། དུས་ཡུན་ཅི་ཙམ་ཉར་ཚགས་བྱས་ཀྱང་མི་རུལ་བ་དང་ཁུང་བུ་མི་བརྡོལ་བ། འབུའི་རིགས་ཀྱི་གནོད་པས་མི་ཚུགས་པ། མདོག་མི་འགྱུར་བ། ལྟེབ་ན་མི་ཆག་པ། མིག་ལ་མི་གནོད་པ་ཞིག་རེད། བཟོ་བའི་གོ་རིམ་ཡིན་ན། ཐོག་མར་ཤོག་རྒྱུ་ར་མ་རེ་ལྕག་གི་བར་ཤུན་བཤུ་བ་དང་། དེའི་རྗེས་ཆུ་ཁོལ་དུ་དུས་ཚོད་དྲུག་ཡས་མས་ལ་བཙོ་བ། ཐོ་བས་ཞི་རྡུང་བྱེད་པ། སྣོད་ནང་དུ་བླུགས་ནས་ཐེངས་མང་པོར་དཀྲུགས་ནས་གཤེར་ཁུར་གྱུར་རྗེས། ཚགས་ནང་དུ་བླུགས་ནས་བདེ་སྙོམས་བྱེད་པ། མཇུག་མཐར་ཚག་ཆུ་ནང་བླངས་ཏེ་ཉི་མར་སྐེམ་པ་ཞིག་ཡིན། གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིས་ཐོན་སྐྱེད་བྱེད་བཞིན་པའི་གཡང་ཚང་བོད་ཤོག་ལ་ཆེ་ཆུང་རིགས་མི་འདྲ་བ་མང་པོ་ཡོད་པ་དང་། བཀོལ་སྤྱོད་ཀྱི་ཐད་ནས་ཀྱང་གནའ་བོའི་བོད་ཤོག་གི་སྣ་གཅིག་རྐྱང་གི་བཀོལ་སྤྱོད་བྱེད་སྟངས་ནས་ད་ལྟ་དཔེ་ཆ་དང་། རི་མོ། ཡིག་གཟུགས་སོགས་འབྲི་ཆོག་པའི་ཁྱད་ཆོས་ལྡན་ཞིང་། དེ་ནི་ཚེ་དབང་རྡོ་རྗེས་ཡིས་གཞན་གྱི་ལེགས་ཆ་ཚུར་བླངས་པའི་རྨང་གཞིའི་སྟེང་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཞིག་རེད། ཚེ་དབང་རྡོ་རྗེ་ཡིས་བཤད་རྒྱུར། 

ངེད་ཚོ་ཀུང་ཟི་ལྟ་བུར་མཚོན་རྒྱུ་ན་སྤྱིར་གི་ཐོན་ལས་སྣ་མང་ལས་བཞིན་ཡོད་པ་དང་། ནང་སྒོས་སུ་བོད་ཤོག་ལྟ་བུར་མཚོན་ན་ལག་ཤེས་རྐྱང་རྐྱང་གི་ཐོན་ལས་ཤིག་ཡིན་པ་དང་། དེ་ཡིན་ན་ས་གནས་ཀྱི་ལས་བཟོ་བ་མང་པོ་ཞིག་བསྡུས་ཡོད་པ་མ་ཟད། ཁྱད་པར་དུ་དབང་བོ་སྐྱོན་ཅན་གྱི་ལས་བཟོ་བ་མང་པོ་ཞིག་བསྡུས་ཡོད། དེ་ལྟར་ཡིན་ན་དབང་སྐྱོན་ཅན་གྱི་མིས་སྒྲུབ་ཐུབ་པའི་ལས་ཀ་བཀོད་སྒྲིག་བྱས་ཏེ། ཁོ་ཚོའི་དཔལ་འབྱོར་དང་ལག་རྩལ་གྱི་ཆ་ནས་གོ་སྐབས་བཟང་པོ་ཞིག་སྐྲུན་ཡོད། ད་དུང་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་འོག་ནས་ང་ཚོའི་ཀུང་ཟི་ལྟ་བུར་མཚོན་ནའང་། ཐོན་ལས་ཀྱི་ཕྱོགས་དང་། ལས་བཟོ་བའི་ཆ་ནས་ལོ་རེ་བཞིན་འཕེལ་རྒྱས་སུ་སོང་བ་དང་། དཔལ་འབྱོར་ཡོང་སྒོ་ལྟ་བུར་མཚོན་ན་ད་ལོ་ཤིན་ཏུ་བཟང་བ་དང་། དེའི་སྟེང་ལས་བཟོ་བ་ཡང་ཇེ་མང་དུ་བཏང་ནས་ད་བར་ཀུང་ཟིའི་ནང་དུ་ལས་བཟོ་བ34ལྷག་ཡོད། ཡོང་སྒོའི་སྟེང་ནས་ཀྱང་ན་ནིང་དང་བསྡུར་ན་ལྡབ་གཅིག་གིས་ཇེ་བཟང་དུ་སོང་ནས་ང་ཚོ་ཚང་མའི་འཚོ་བ་སྔར་ལས་ལྷག་པས་འཕེལ་རྒྱས་སོང་ཡོད་པའི་གནས་ཚུལ་དེ་འདྲ་ཞིག་རེད་ཟེར།

གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིས་ཞིན་ཧེ་རྫོང་གི་དབང་བོ་སྐྱོན་ཅན་མང་པོར་ལག་རྩལ་སྣ་ཚོགས་གསོ་སྦྱོང་བྱས་ནས་ཁོ་ཚོ་ཁྱིམ་གཞི་ཆེན་པོ་དེའི་ཁྲོད་འདྲེས་སུ་བཅུག་ཏེ།  ཁོ་ཚོའི་འཚོ་བར་རེ་བ་གསར་བ་བསྩལ་ཤིང་། དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་དོན་ངོ་མའི་སྟེང་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པར་རོགས་རམ་གང་ལེགས་གནང་ཡོད། ཀུང་ཟིའི་ལས་བཟོ་བ་བཙན་ཐར་རྒྱལ་གྱིས་བཤད་རྒྱུར། 

ངའི་རྒན་མོ་དབང་བོ་སྐྱོན་ཅན་ཞིག་ཡིན། ངེད་གཉིས་གཡང་ཚང་ཀུང་ཟི་འདིར་ཡོང་ནས་ལས་ཀ་ལས་ཞོར་དུ་ངས་མོ་ལ་ལྟ་སྐྱོང་བྱེད་བཞིན་ཡོད་པ་དང་། དེའི་ཞོར་ལ་བོད་ཀྱི་གྱོན་ཆས་བཟོས་ནས་ལོ་རེའི་ཟླ་ཕོགས་ཀྱི་སྟེང་ནས་ཡོང་སྒོ་སྒོར་མོ་ཁྲི་དྲུག་བདུན་ཡོད་པ་རེད། དེ་ཡིན་ན་ངེད་གཉིས་ཀྱི་འཚོ་བའི་ཐད་ལ་ཕན་ཐོགས་རྒྱ་ཆེན་པོ་ཡོད་པ་དང་། ངེད་གཉིས་ཀྱི་འཚོ་བ་ཡང་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དེ་འདྲ་ཞིག་རེད། དེ་བས། གཡང་ཚང་ཀུང་ཟི་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་ཟེར།

ཞིན་ཧེ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ལས་བྱེད་པ་བསྟན་འཛིན་བསོད་ནམས་གྱིས་ཀུང་ཟི་དེའི་ཐོན་རྫས་ལ་གདེང་འཇོག་གནང་ནས་འདི་ལྟར་བཤད་བྱུང་། 

གཡང་ཚང་ཀུང་ཟི་འདི་ལྟ་བུར་མཚོན་ན། ང་ཚོས2021ལོར་རྨ་ཆུའི་བཞུར་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྔོག་འདོན་བྱེད་པའི་བྱ་བའི་ཁྲོད་ཤེས་པ་དང་། དེའི་ནང་ན་རིག་གནས་ཀྱི་ཐོན་རྫས་མང་པོ་ཡོད་པ་རེད། ཡིན་ཡང་། གཡང་ཚང་བོད་ཤོག་དང་གཡང་ཚང་སྨན་སྤོས་ལ་མཚོན་ན། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལས་གཞིའི་ནང་ཚུད་ཡོད་པ་དང་། ངེད་ལས་ཁུངས་ཀྱིས་ཀྱང་ཀུང་ཟི་འདི་དང་འདི་ལྟ་བུ་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་སྐྲུན་བཞིན་ཡོད་ཟེར།

གངས་ལྗོངས་གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟིའི་ཐོན་རྫས་ལ་རྒྱལ་ནང་གི་འཛད་སྤྱོད་པ་མང་པོས་དགའ་བསུ་ཐོབ་པ་དང་། ཀུང་ཟིས་མ་འོངས་པར་རང་གི་ཐོན་རྫས་རྒྱལ་ནང་དང་རྒྱལ་སྤྱིའི་སྟེང་དགྲམ་རྒྱུའི་འཆར་གཞི་ཡང་བཟོ་བཞིན་འདུག ཁང་བའི་ཕྱི་རོལ་གྱི་ཁངས་ཆར་འདྲེས་མའི་སྟངས་སྟབས་ཀློང་ན་ཞིན་ཧེ་ནི་གོས་དཀར་ཀླུབ་པའི་ན་ཆུང་བུ་མོ་ཞིག་དང་འདྲ་བར་དུས་རབས་གསར་བ་དང་། སྐྱོད་ལམ་གསར་བ། བྱ་གཞག་གསར་བའི་སྟེང་རང་གི་མཛེས་པ་མངོན་ཅི་ཐུབ་བྱེད་བཞིན་འདུག་ལ། གངས་ལྗོངས་གཡང་ཚང་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་ཡིས་མཛེས་པའི་ས་གཞི་འདིའི་འཕེལ་རྒྱས་ཐད་རང་ཉིད་ཀྱི་གསོན་ཤུགས་དང་སྒུལ་ཤུགས་སྩོལ་བཞིན་འདུག

གོང་དུ་ཚང་མས་ཉན་པ་ནི་གནའ་བོའི་ལག་རྩལ་གྱིས་སྐྲུན་པའི་བདེ་སྐྱིད་འཚོ་བ་ཞེས་པ་དེ་ཡིན།


གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།