མཉམ་ལས་མཉམ་འབྲེལ་ཁང་ནི་གུང་ཧོ་རྫོང་གི་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་གསར་བ་ཞིག་ཡིན།
2023.06.19 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 48

ཉན་མཁན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ་བཅས་ཀྱི་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་མཉམ་ལས་མཉམ་འབྲེལ་ཁང་ནི་གུང་ཧོ་རྫོང་གི་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་གསར་བ་ཞིག་ཡིན་ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་ཞིབ་ཏུ་ཉན་པར་དགའ་བསུ་ཞུ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་། གྲོང་གསེབ་དར་སྤེལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་ལས་འགན་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་བཞིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ཡིས་སྙན་ཞུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། ས་གནས་རང་གི་སྐྱེ་ཁམས་ནོར་ལུག་གསོ་སྤེལ་གྱི་དགེ་མཚན་ལ་གཞི་བཅོལ་ནས་མང་ཚོགས་ཀྱི་འཚོ་བ་མུ་མཐུད་ཇེ་བཟང་དུ་གཏོང་བའི་ཕྱོགས་ལ་སྲིད་ཇུས་ཀྱི་རོགས་སྐྱོར་མཁོ་འདོན་གང་ལེགས་བྱས།

ང་ཚོ་གསར་འགོད་པ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་དུ་ཐོན་དུས།  དབྱར་མགོ་མའི་རིག་སྨོན་གྲོང་རྡལ་ནི་སྐྱ་ཐིང་ངེར་གནས་འདུག་ཅིང་། ཨ་མ་ཟོར་དགུའི་འདབས་རོལ་དུ་ཆགས་པའི་རྒྱ་ནར་རྩྭ་ཐང་དུ་ནོར་ལུག་གིས་ཕྲ་བཏབ་པ་ཇི་བཞིན་ཅི་དགར་གཟན་ལ་བཀྲམ་འདུག མི་རབས་ནས་མི་རབས་མང་པོར་གནས་འདིར་འཚོ་ཞིང་བཞེས་པའི་མོང་གོལ་སྡེ་བའི་མི་རྣམས་ཀྱིས་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་གསར་བར་སྔར་བཞིན་འབད་འབུངས་བྱེད་བཞིན་མཆིས། རྒྱུས་ལོན་བྱས་པ་བརྒྱུད།  མོང་གོལ་སྡེ་བར་རྩྭ་ས་མུའུ་སྟོང་གསུམ་དང་བདུན་བརྒྱ་ལྷག་ཡོད་པ་དང་། དབྱར་ས་དང་དགུན་ས་དབྱེ་ནས་ཕྱུགས་འཚོ་སྐྱོང་བྱས་ཆོག་པས། ཕྱུགས་འཚོས་ན་སྐྱེ་ཁམས་ལ་གནོད་པའང་མི་ཐེབས་པ་རེད། སྡེ་མི་བསོད་ནམས་རིན་ཆེན་གྱིས་སྡེ་བ་རང་གི་རྩྭ་སའི་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས2017ལོར་རང་སྟེང་ནས་མ་དངུལ་སྒོར་མོ་ས་ཡ་གསུམ་དང་ཁྲི་དགུ་བཏང་བ་དང་། སྡེ་བ་གཅིག་ཡིན་པའི་ལྕགས་ཐར་འབུམ་དང་། ཚེ་རིང་དོན་གྲུབ། གཡང་འབུམ་རྒྱལ་སོགས་ཀྱིས་མ་དངུལ་སྒོར་མོ་འབུམ་གཉིས་དང་ཁྲི་ལྔ་རེ་བཏང་སྟེ། མཉམ་དུ་གུང་ཧོ་རྫོང་རྒྱ་ནར་ནོར་ལུག་གསོ་སྤེལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། བསོད་ནམས་རིན་ཆེན་གྱིས་མཉམ་ལས་ཁང་གི་འགོ་གཙོའི་འགན་ཁུར་ཏེ། མཉམ་ལས་ཁང་གི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས། ད་ལྟ་མཉམ་ལས་ཁང་དེ་རུ་ལུག་སྟོང་གཅིག་དང་དྲུག་བརྒྱ་ལྷག་དང་། ནོར་ཉིས་བརྒྱ་ལྷག་ཡོད་ལ། ཁོ་ཚོས་ཚེགས་དང་བརྩོན་འགྲུས་སྤྱད་དེ་མཉམ་ལས་ཁང་དེ་གཞི་ཁྱོན་ཅན་དུ་འཛུགས་སྐྲུན་བྱས་པར་བརྟེན།  ནོར་ལུག་གསོ་སྤེལ་གྱི་ལམ་ཁ་ནས་ཁོ་ཚོར་དཔལ་འབྱོར་གྱི་ཁེ་ཕན་ཐོབ།

ང་ཚོ་དང་ཐག་མི་རིང་བའི་ས་ན་བསོད་ནམས་རིག་འཛིན་ལུག་ཁྱུ་ཞིག་གི་རྗེས་བསྙེགས་ནས་ཚུར་ཡོང་བཞིན་འདུག ཁོས་ང་ཚོར་འདི་ལྟར་བཤད་བྱུང་།

ང་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་དྲུག་ཉིན་ནས་དངོས་སུ་མཉམ་ལས་ཁང་འདིའི་ནང་དུ་ཞུགས་པ་ཡིན། ཐོག་དང་པོར་ཞུགས་དུས་ངས་མ་དངུལ་སྒོར་མོ་ཁྲི་ཉེར་ལྔ་བཏང་བ་དང་། དེ་ནས་ཉིས་སྟོང་བཅུ་བདུན་ནས་ད་ལྟའི་བར་དུ་ལོ་རེར་སྒོར་མོ་ཁྲི་ལྔ་ནས་ཁྲི་དྲུག་བར་གྱི་ཡོང་འབབ་ཡོད་པ་དང་། སྔོན་ཆད་མཉམ་ལས་ཁང་དུ་མ་ཞུགས་པའི་སྐབས་དང་བསྡུར་ན་ཕལ་ཆེར་ལྡབ་གཅིག་གིས་ཡོང་སྒོ་འཕེལ་རྒྱས་བྱུང་ཡོད་པ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་དུས་རྒྱལ་ཁབ་ཀྱིས་གྲོང་གསེབ་དར་སྤེལ་ལ་ཤུགས་སྣོན་པའི་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ཡིས་སྐུལ་འདེད་བྱས་པ་དང་མང་ཚོགས་རང་སྟེང་ནས་རེ་བ་བཏོན་པ་བཞིན། གུང་ཧོ་རྫོང་རྒྱ་ནར་ནོར་ལུག་གསོ་སྤེལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་དང་། གུང་ཧོ་རྫོང་བ་ཝོར་ནོར་འཛིན་སྐམ་ལུག་ཤེད་གསོ་ཆེད་ལས་མཉམ་ལས་ཁང་།  གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཀུན་བྱམས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ལྡོང་དངོས་རི་ལུང་ཕྱུགས་ལས་ཆེད་གཉེར་མཉམ་ལས་ཁང་བཞི་བོ་མཉམ་འབྲེལ་བྱས་ཏེ། གུང་ཧོ་གསེར་གཞུང་སྐྱེ་ཁམས་གསོ་ཕྱུགས་ཆེད་གཉེར་མཉམ་ལས་མཉམ་འབྲེལ་ཁང་ཞིག་སྒྲུབ་པ་དང་། དེའི་ཐད་ལ་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་གཉིས་བཏང་ཡོད། གུང་ཧོ་རྫོང་རྒྱ་ནར་ནོར་ལུག་གསོ་སྤེལ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་གི་འགོ་གཙོ་བསོད་ནམས་རིན་ཆེན་མཉམ་ལས་མཉམ་འབྲེལ་གྱི་རྣམ་པར་ཡིད་ཆེས་ཆེན་པོ་ཡོད་པའི་སྒོ་ནས་བཤད་རྒྱུར། 

ང་ཚོ་རྒྱ་ནར་མཉམ་ལས་ཁང་འདི2017ལོའི་ཟླ6པའི་ཚེས6ཉིན་བཙུགས་པ་དང་། ད་ལྟའི་བར་ལོ་དྲུག་ལ་གཉེར་བ་དང་། ད་ལོ་ནས་མཚོ་ལྷོ་ཁུལ་ཐོག་ཏུ་མཉམ་འབྲེལ་མཉམ་ལས་ཁང་ཞིག་བཙུགས་ཡོད། ད་ཐེངས་གི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་ཚོགས་པའི་རྗེས་སུ། གྲོང་གསེབ་དར་སྤེལ་གྱི་སྟེང་ལ་མ་དངུལ་མང་པོས་རོགས་རམ་ཡོད་པ་དང་། དེ་ཡིན་ན་ང་ཚོས་ཀྱང་མཉམ་ལས་མཉམ་འབྲེལ་ཁང་བཙུགས་ཏེ། མ་དངུལ་འདི་བེད་སྤྱོད་བྱས་ནས་མང་ཚོགས་མང་པོ་ཞིག་ལ་རོགས་རམ་བྱེད་འདོད་ཡོད་ཟེར།

གུང་ཧོ་གསེར་གཞུང་སྐྱེ་ཁམས་གསོ་ཕྱུགས་ཆེད་གཉེར་མཉམ་ལས་མཉམ་འབྲེལ་ཁང་ནི་ད་ལོའི་ཟླ་གཉིས་པའི་ཚེས་བཞི་ཉིན་དངོས་སུ་བཙུགས་པ་དང་། མཉམ་ལས་མཉམ་འབྲེལ་ཁང་བཙུགས་པའི་དམིགས་ཡུལ་ནི་གཅིག་ནས་མཉམ་ལས་བྱེད་པ་ལས་མཉམ་འབྲེལ་བྱས་ན་མི་མང་པོའི་སྟོབས་ཤུགས་ཡོད་པས། སྔར་ལས་འཕེལ་རྒྱས་འགྲོ་ཐུབ་པ་དང་། གཉིས་ནས་ཤ་མར་ཐུད་གསུམ་དང་། ཤ་མོ། ཕང་འབྲས། དབྱར་རྩ་དགུན་འབུ་སོགས་ཞིང་ཕྱུགས་ལས་ཀྱི་ཐོན་རྫས་དག་མ་ཚོང་རར་དགྲམ་རྒྱུ་དེ་ཡིན་ཞིང་། གསུམ་ནས་ཏང་གི་སྲིད་ཇུས་བཟང་པོའི་རྒྱབ་སྐྱོར་ལ་བརྟེན་ནས་མང་ཚོགས་སྔར་ལས་མང་པོར་སྣེ་ཁྲིད་བྱེད་རྒྱུ་དེ་རེད།

མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་གཞོན་པ་ཀུན་བཟང་དོན་གྲུབ་ལ་མཚོན་ནས་བཤད་ནའང་མཉམ་ལས་ཁང་གཉེར་ནས་ལོ་མང་པོ་འགོར་ཡོད་པའི་མི་ཉམས་མྱོང་ཅན་ཞིག་རེད། ཁོས་བཤད་རྒྱུར། 

ང་ཚོ་མཉམ་ལས་མཉམ་འབྲེལ་ཁང་གིས་ཚོང་ཁང་གཉིས་ཕྱེས་ཡོད་པ་དང་། ཚོང་ཁང་ཐོག་མ་དེ་ད་ལྟ་ང་ཚོ་ཡོད་ས་འདི་ཡིན། ཚོང་ཁང་གཉིས་པ་དེ་བདེ་སྐྱིད་ཚོང་རའི་ནང་དུ་ཡོད།  ཚོང་ཁང་གཉིས་ཀྱི་ཡོང་སྒོ་དང་གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ཡིས་ཉེ་སྔོན་ཅང་སུའུ་ལ་འབྲེལ་བ་བྱས་ནས་ཚོང་ལམ་བཙལ་བ་དང་། ཟླ་བ་གསུམ་གྱི་རིང་ལ་མཉམ་ལས་མཉམ་འབྲེལ་ཁང་ལ་ཡོང་སྒོ་སྒོར་མོ་འབུམ་གསུམ་ལྷག་ཡོད་པ་རེད། རྗེས་ཕྱོགས་ཡིན་ནའང་། ཚོང་ཁང་མ་ཡིན་པར་ང་ཚོས་དྲ་ལམ་ནས་ཕྱིར་འཚོང་བྱེད་པའི་ཐབས་ལམ་གསར་བ་ཞིག་གི་མགོ་བརྩམས་ཏེ། ད་ལྟ་ཡིན་ན་ལས་ནས་འགྲུབ་ལ་ཡོད་པ་རེད། དེ་ལྟར་ཡིན་ན། ཐད་གཏོང་གི་ལམ་དང་། དྲ་ལམ་ནས་ཕྱིར་འཚོང་བྱེད་པའི་ཚོང་ལམ་གསར་བ་བཙལ་ཡོད་པ་དེ་འདྲ་ཞིག་ཡིན་ཟེར།

གུང་ཧོ་གསེར་གཞུང་སྐྱེ་ཁམས་གསོ་ཕྱུགས་ཆེད་གཉེར་མཉམ་ལས་མཉམ་འབྲེལ་ཁང་གིས་ས་གནས་རང་གི་ནོར་ལུག་ཕྱིར་འཚོང་བྱེད་པར་དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་ནོར་ལུག་གི་ཤ་ཚོང་ར་ལས་རིན་གོང་ཅུང་མཐོན་པོའི་སྒོ་ནས་ཉོ་བསྡུ་བྱེད་བཞིན་ཡོད་པ་དང་། རྩྭ་ས་ཡང་རིན་གོང་ཅུང་མཐོན་པོའི་སྒོ་ནས་གླ་བཞིན་ཡོད་པས། དཀའ་ངལ་ཆེ་བའི་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་སེལ་ཅི་ཐུབ་བྱེད་བཞིན་ཡོད། མཉམ་ལས་མཉམ་འབྲེལ་ཁང་གིས་མ་འོངས་པར་ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ར་རྒྱ་སྐྱེད་དེ། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱས་རྗེས་འཇོག་རྒྱུ་ཡིན་པ་དང་། མང་ཚོགས་སྔར་ལས་མང་པོ་མཉམ་ལས་མཉམ་འབྲེལ་ཁང་དུ་ཞུགས་ནས་མཉམ་དུ་འཕེལ་རྒྱས་འགྲོ་བ་དང་། མཉམ་དུ་ཕྱུག་པོར་འགྱུར་བར་འབད་བརྩོན་བྱེད་རྒྱུ་རེད།

ང་ཚོའི་བཅར་འདྲི་མཇུག་སྒྲིལ་སོང་། མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་གཞོན་པ་ཀུན་བཟང་དོན་གྲུབ་ཀྱིས“རང་ཉིད་ཀྱི་ལས་ཀ་འདི་ལ་དུངས་བ་ཟབ་མོ་ཡོད་པས། ལས་འདིར་འཇུས་པར་སྤྲོ་བ་ཆེ་ཞིང་། འདི་ལ་ནམ་ཡང་འབད་པ་བྱེད་རྒྱུ་ཡིན”ཟེར་བའི་སྐད་ཆ་ཞིག་ངའི་རྣ་ལམ་དུ་ད་དུང་གསལ་བོར་གྲགས་བཞིན་འདུག་ལ། དེ་བཞིན་དུ་ཡུལ་འདིའི་མང་ཚོགས་རྣམས་གྲོང་གསེབ་དར་སྤེལ་གྱི་ལམ་ཆེན་སྟེང་མུ་མཐུད་ཤུགས་ཀྱིས་བསྐྱོད་དེ་བདེ་སྐྱིད་ཀྱི་འཚོ་བ་ཆུ་བོའི་རྒྱུན་བཞིན་ཡུན་དུ་བསྲིངས་པའི་སེམས་ཤུགས་ལ་ཉམས་པ་མེད་པའི་སྣང་བ་ཞིག་ཀྱང་བཅོས་མིན་དུ་སྦྱིན་ཡོང་།

གོང་དུ་ཚང་མས་ཉན་པ་ནི་མཉམ་ལས་མཉམ་འབྲེལ་ཁང་ནི་གུང་ཧོ་རྫོང་གི་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་གསར་བ་ཞིག་ཡིན་ཞེས་པ་དེ་ཡིན།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།