རྨ་ཆུའི་འགྲམ་རྒྱུད་ཀྱི“བྱུ་རུ་དམར་པོ།”
2023.06.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 73

ཉན་མཁན་རྣམ་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་ཕྲེང་བསྟར་གསར་འགྱུར། དུས་རབས་གསར་བ། སྐྱོད་ལམ་གསར་བ། བྱ་གཞག་གསར་བ་ཞེས་པའི་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཨ་བརྟན་རྒྱལ་དང་། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ་བཅས་ཀྱིས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་རྨ་ཆུའི་འགྲམ་རྒྱུད་ཀྱི“བྱུ་རུ་དམར་པོ” ཞེས་པ་བཀོད་སྒྲིག་བྱས་ཡོད་པས། ཁྱེད་ཚོས་ཞིབ་ཏུ་ཉན་པར་དགའ་བསུ་ཞུ།

“རྨ་ཆུ་སྔོན་མོ་ཁྲི་ཀའི་ཡུལ་དུ་དྭངས” ཞེས་པའི་བསྟོད་ཚིག་དེས་རྨ་ཡུལ་ཁྲི་ཀའི་རང་བྱུང་སྐྱེ་ཁམས་ཀྱི་མཛེས་ལྗོངས་ཅིག་ཅར་མཚོན་ཡོད་པས། ཡུལ་སྐོར་ལས་རིགས་ནི་ཁྲི་ཀ་རྫོང་གི་ཆེས་ཆེ་བའི་དགེ་མཚན་ཡིན།

རྨ་ཆུའི་འགྲམ་རྒྱུད་ཀྱི་“བྱུ་རུ་དམར་པོར”བརྗོད་པའི་ཀྲོ་མ་ཀྲུའི་ཐོན་ལས་ནི་ཁྲི་ཀ་རྫོང་གི་གསར་དར་ཐོན་ལས་ཤིག་ཡིན་པས། དེའི་མདུན་ལྗོངས་རྒྱ་ཆེ་ཞིང་ཐོན་ཚད་བློ་ཡུལ་ལས་འདས་ངེས།

ཁྲི་ཀ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག རྫོང་ཞིང་ཕྱུགས་ཅུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་སྙན་ཞུའི་ནང་བསྟན་པའི“གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པར་སློབ་སྦྱོང་དང་ལག་བསྟར་བྱས་ནས་ས་གནས་མང་ཚོགས་རྣམས་མཉམ་དུ་ཕྱུག་པོ་འགྱུར་བར་ཐབས་བརྒྱ་ཇུས་སྟོང་འཐེན་བཞིན་ཡོད།

རྨ་ནུབ་གྲོང་རྡལ་དུ་ཡོད་པའི་ཅིན་རན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་ཞིང་ལས་ཚན་རྩལ་གྱི་ཆེད་གཉེར་ཀུང་ཟི་ཞིག་ཡིན་པས། ཁྲི་ཀ་རྫོང་ཞིང་ཕྱུགས་ཅུའུ་ཡིས་གྲོང་གསེབ་དར་སྤེལ་གྱི་རྣམ་གྲངས་ལས་མ་དངུལ་སྒོར་ས་ཡ་གཅིག་ལྷག་བཏང་ནས་ཀུང་ཟི་དེའི་རྨང་གཞིའི་སྒྲིག་བཀོད་ཐད་ལ་རྒྱབ་སྐྱོར་ཆེན་པོ་བྱས།

གསར་འགོད་པ་ཀུང་ཟི་དེའི་ནང་བཅར་འདྲིར་བསྐྱོད་པ་ན། མིག་ལམ་དུ་ཐོག་མར་མངོན་པ་ནི་དེང་རབས་ཀྱི་རྒྱུ་ཆ་གསར་བ་ལས་སྐྲུན་པའི་དྲོད་ཁང་མང་པོ་ཕྲེང་བསྟར་བསྒྲིགས་ཡོད་པ་དེ་ཡིན་ལ། དྲོད་ཁང་དེ་དག་གི་ནང་དུ་ཀྲོ་མ་ཀྲུ་གཙོ་བྱས་པའི་སྔོ་ཚོད་དང་སིལ་རིགས་སྣ་ཚོགས་འདེབས་འཛུགས་བྱས་ཡོད། རྒྱུས་ལོན་བྱས་པ་ལྟར་ན། ཀུང་ཟི་དེ་ནི་སྤྱིའི་འགན་འཛིན་པ་ཚའོ་ཡུས་ཀྱིས་ད་ལོའི་ཟླ་གསུམ་པའི་ནང་བཙུགས་ཤིང་། འཛུགས་སའི་གནས་ཡུལ་ནི་མཱ་ཅ་ཞོལ་མ་སྡེ་བ་དང་ལིག་ཐུང་ཞོལ་མ་སྡེ་བའི་ས་ཞིང་ཡིན་ལ། དྲོད་ཁང་གིས་ས་མུའུ་བདུན་ཅུ་དོན་གཉིས་ཟིན་ཡོད་ཅིང་། ལོ་མཇུག་ལ་ཀྲོ་མ་ཀྲུ་ཡི་ཡོང་སྒོ་ལྟར་རྨ་ནུབ་གྲོང་རྡལ་ལ་ཁེ་སྤོགས་བགོ་དགོས་ཟེར། ཚའོ་ཡུས་ཀྱིས་ཀྲོ་མ་ཀྲུའི་འདེབས་འཛུགས་ལ་མཐོ་སྒང་གི་ནམ་ཟླ་འཕྲོད་པའི་རང་བྱུང་གི་ཆ་རྐྱེན་ལ་དམིགས་ནས། ཆེད་དུ་ས་གནས་དེར་འདེམས་ནས་ཀྲོ་མ་ཀྲུའི་ཐོན་ལས་གཉེར་མགོ་ཚུགས་ཤིང་། མ་འོངས་པར་བྲོ་བ་ཞིམ་ཞིང་ཁ་དོག་དམར་མདངས་རྒྱས་པའི་ཀྲོ་མ་ཀྲུའི་ཐོན་ལས་ཀྱི་ཚོང་རྟགས་སྐྲུན་པར་འབད་བརྩོན་བྱེད་བཞིན་འདུག

སྤྱིའི་འགན་འཛིན་པ་ཚའོ་ཡུས་ཀྱིས་ཀུང་ཟིའི་གནས་ཚུལ་ངོ་སྤྲོད་བྱེད་ཞོར་གསར་འགོད་པ་དྲོད་ཁང་ཞིག་གི་ནང་ཁྲིད་སོང་བ་དང་། དྲོད་ཁང་དེའི་རྒྱ་ཁྱོན་ཧ་ཅང་ཆེ་ལ། ནང་གི་དྲོད་གྲང་རན་ཞིང་། ལྗང་མདོག་གི་ལོ་འདབས་གསེབ་ཏུ་སྨིན་ལ་ཁད་ཀྱི་ཀྲོ་མ་ཀྲུའི་འབྲས་བུ་མང་པོ་ཐུར་དུ་དཔྱངས་ཡོད་པ་ནི་རྒྱ་མཚོའི་ནང་གི་བྱུ་རུའི་སྡོང་བོ་ཞིག་དང་ཀུན་ནས་མཚུངས། སྐབས་དེར་ཁོས་ཀྲོ་མ་ཀྲུ་འདེབས་པའི་དམིགས་ཡུལ་སྐོར་ནས་འདི་ལྟར་བཤད་བྱུང་།  

ཁྲི་ཀ་རྫོང་གིས་གྲོང་གསེབ་དར་སྤེལ་གྱི་ལས་གཞི་དང་འབྲེལ་ནས་དེང་རབས་ཅན་གྱི་དྲོད་ཁང་བཅོ་ལྔ་ལས་ཡོད་པ་དང་། ཀུང་ཟིའི་དམིགས་ཡུལ་གཙོ་བོ་ནི་ཀྲོ་མ་ཀྲུ་བཟང་བོར་འདེབས་འཛུགས་བྱེད་རྒྱུ་དེ་ཡིན་ལ། ཞིང་ལས་དང་ཞིང་བར་སྣེ་ཁྲིད་བྱས་ཏེ། ས་འདིའི་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱེད་དུ་འཇུག་རྒྱུ་ཡིན་ལ། ལག་རྩལ་ལ་བརྟེན་ནས་ཀྲོ་མ་ཀྲུ་ཡི་རྒྱུ་སྤུས་ཇེ་བཟང་དུ་གཏོང་རྒྱུ་ཡིན་པ་དང་། ང་ཚོས་གཙོ་བོར་མཚོ་སྔོན་ཞིང་ཆེན་ལ་སྤུས་བཟང་ཚོང་རྟགས་སྐྲུན་ནས་རྒྱལ་ཡོངས་སུ་རྒྱ་སྐྱེད་དུ་གཏོང་རྒྱུ་ཡིན་ཞིང་། མཐོ་སྒང་གི་ཀྲོ་མ་ཀྲུ་ཡི་ཆུ་ཡི་འདུས་ཚད་དང་མཁའ་དབུགས་ཅུང་བཟང་བ་དང་། དེ་བས་ལག་རྩལ་དང་དྲོ་བ་ཞིམ་པའི་ཚད་སྔར་ལས་ཇེ་མཐོར་བཏང་སྟེ། ས་གནས་ཀྱི་སྤུས་ལེགས་པའི་ཚོང་རྟགས་བསྐྲུན་རྒྱུ་ཡིན་ཟེར།

མཚོ་སྔོན་ལ་མིང་གྲགས་ཆེ་བའི་ཐོན་རྫས་ཀྱི་ཚོང་རྟགས་ཧ་ཅང་ཉུང་བས། ཅིན་རན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟིའི་སྤྱིའི་འགན་འཛིན་པ་ཚའོ་ཡུས་ཀྱིས་ལོ་ངོ་མང་པོར་ཞིང་ལས་ལག་རྩལ་ཕྱོགས་ཀྱི་བྱ་བ་བསྒྲུབས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ། མཚོ་སྔོན་ནས་ཐོན་སྐྱེད་བྱས་པའི་ཀྲོ་མ་ཀྲུ་ལ་སྤུས་ལེགས་པའི་ཐུམ་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་ས་ཁུལ་མང་པོར་ཕྱིར་འཚོང་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། དེར་བརྟེན་ནས་མཚོ་སྔོན་གྱི་ཚོང་རྟགས་སྐྲུན་པ་དང་ས་གནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པར་ནུས་ཤུགས་གང་ལེགས་འདོན་བཞིན་འདུག

ཅིན་རན་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟི་རུ་ད་ལྟ་བརྟན་འཇགས་ཀྱི་ལས་བཟོ་བ་བཅུ་ཡོད་པ་དང་། ཚང་མ་རྨ་ནུབ་གྲོང་རྡལ་གྱི་ཞིང་པ་ཡིན་ལ། ཀུང་ཟིས་ཀྲོ་མ་ཀྲུ་འདེབས་འཛུགས་བྱེད་པར་བརྟེན་ནས་ས་གནས་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁ་ནས་ཡོང་སྒོ་བཙལ་ཆོག ལས་བཟོ་པ་ལིས་ཧྲན་ཧྭ་ཡིས་བཤད་རྒྱུར། 

ངས་དྲོད་ཁང་འདིའི་ནང་ནས་ཡལ་ག་སྐྱོར་མ་རྒྱག་རྒྱུ་ར། གཙང་སྦྲ་བྱེད་པའི་ལས་ཀ་འདི་ལས་ཀི་ཡོད། སྔོན་ཆད་ས་ཆ་གཞན་ལ་སོང་ནས་ཞོར་ལས་གཉེར་བཞིན་ཡོད། ད་བར་ཐག་རིང་ལ་འགྲོ་མི་དགོས་ཀི རང་ཁྱིམ་གྱི་ཐག་ཉེ་ནས་ལས་ཀ་ལས་ན་ཆོག་གི ད་ཁྱིམ་གི་ལས་ཀ་ལས་པའི་ཞོར་དུ་འདི་ནས་ལས་ཀ་ལས་བཞིན་ཡོད། ཟླ་རེ་ཟླ་ཕོགས་སྒོར་མོ་སྟོང་བཞི་ཡོད། འདི་ལྟར་ལས་ན་གཅིག་གོ་གཉིས་ཆོད་རེད་ཟེར།

ཐོན་ལས་དར་ན་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཐུབ་པ་དང་། དཔལ་འབྱོར་འཕེལ་རྒྱས་སོང་ན་ཞིང་པ་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་ཐུབ། རྨ་ནུབ་གྲོང་རྡལ་མི་དམངས་སྲིད་གཞུང་གི་ལས་བྱེད་མི་སྣ་དབྱང་ཅིན་གྱིས་ཞིང་པའི་ཡོང་སྒོ་འཕར་སྣོན་གཏོང་སྟངས་ཐད་ནས་འདི་ལྟར་བཤད་བྱུང་། 

ལོ་འདི་དག་ལ། རྨ་ནུབ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་ཐོན་ལས་འཕེལ་རྒྱས་གཙོར་བཟུང་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལྟར། གསོ་སྐྱོང་དང་ཐོན་ལས་ཟུང་འབྲེལ་གྱི་རྣམ་པ་གསར་བའི་ཞིང་ལས་ཐོན་ལས་འཕེལ་རྒྱས་སུ་བཏང་བའི་རྐྱེན་གྱིས་འདེབས་འཛུགས་གསོ་སྤེལ་ཐོན་ལས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་ཡོད། འདི་ས་གནས་འདིའི་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་གསར་བ་ཞིག་ཏུ་གྱུར་ཡོད་ཟེར།

རྨ་ནུབ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ས་གནས་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བར་ཐབས་ལམ་གསར་བ་ཞིག་མཁོ་འདོན་བྱས་པ་དང་། ཁེ་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་ཐོན་ལས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་བ་བསྩལ་ཞིང་། མ་འོངས་པའི་འཕེལ་རྒྱས་ལ་རེ་བས་ཁེངས་བར་བྱས།

གོང་དུ་ཚང་མས་ཉན་པ་ནི་རྨ་ཆུའི་འགྲམ་རྒྱུད་ཀྱི“བྱུ་རུ་དམར་པོ”ཞེས་པ་དེ་ཡིན།

གསར་འགོད་པ། ཨ་བརྟན་རྒྱལ། ཚེ་རིང་སྒྲོལ་མ། རྟ་མགྲིན་སྐྱབས། མི་ཕམ་མགོན་པོ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།