ཟླ་དང་པོའི་ཚེས་བཅུ་གསུམ་ཉིན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་ཆུང་གི་ཚོགས་འདུ་བསྡུ་མཁན་གྱིས་གྲོས་ཚོགས་བསྡུས། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཝང་ཀྲིན་ཁྲང་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་པ་དང་། ཚན་ཆུང་གི་ཚོགས་འདུ་བསྡུ་མཁན་གྱིས་ཚང་འཛོམས་གྲོས་ཚོགས་སྐབས་སུ་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་གྲོས་མོལ་གྲོས་བསྡུར་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་བཟང་བོ་བྱེད་པའི་ཐད་བླང་བྱ་བཏོན།
ཝང་ཀྲིན་ཁྲང་གིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་གོང་འོག་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་དེ་ལག་བསྟར་བཟང་བོ་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་ཡིན། ཚན་ཆུང་གི་ཚོགས་འདུ་བསྡུ་མཁན་སོ་སོས་བསམ་བློ་སྔར་ལས་གཅིག་བསྡུས་བྱེད་པ་དང་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཨུ་ཡོན་ཡོངས་དང་ཟུར་ཞུགས་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཆབ་སྲིད་ཁ་ཕྱོགས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་འཆམ་མཐུན་གྱི་སྣང་ཚུལ་བཟང་བོ་བསྐྲུན་པ། རྩ་འཛུགས་སྒྲིག་ཁྲིམས་སྲུང་སྐྱོང་བྱེད་པ། གྲོས་ཚོགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་དགོས། ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚོགས་འདུ་བསྡུ་མཁན་གྱི་རྩ་འཛུགས་མགོ་ཁྲིད་དང་རྐང་འཛིན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨུ་ཡོན་ཡོངས་དང་ཟུར་ཞུགས་མི་སྣ་དུས་བཅད་དང་བླང་བྱ་ལྟར་གྲོས་ཚོགས་ལ་གཟབ་ནན་གྱིས་ཞུགས་པར་རྩ་འཛུགས་དང་ཁྲིད་སྟོན་བྱེད་དགོས། ཚན་ཆུང་གི་གྲོས་བསྡུར་ལ་རྩ་འཛུགས་ཞིབ་མོ་བྱེད་པ་དང་གྲོས་བསྡུར་བརྗོད་གཞིར་དམིགས་ཏེ་ལང་ལོང་གིས་གཏམ་སྤེལ་ནས་དྲང་གཏམ་བརྗོད་པ་དང་བསམ་འཆར་འདོན་ཐུབ་པའི་སྣང་ཚུལ་བཟང་བོ་བསྐྲུན་དགོས། སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་སྲིད་གྲོས་ཀྱི་སྒྲིག་ཁྲིམས་དང་གྲོས་ཚོགས་ཀྱི་སྒྲིག་ཁྲིམས། གསང་སྲུང་སྒྲིག་ཁྲིམས་དང་རིམས་ནད་འགོག་སྡོམ་བླང་བྱ་བཅས་ནན་སྲུང་བྱེད་པ་དང་། གྲོས་ཚོགས་ཀྱི་སྤྱོད་བཟང་གཞུང་དྲང་ལ་འགན་སྲུང་བྱས་ཏེ་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་དང་པོ་དེ་དམངས་གཙོ་དང་མཐུན་སྒྲིལ། དངོས་གཉེར། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས།
གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཚན་ཆུང་བགོ་བའི་བྱེད་ཐབས་དང་ཚན་ཆུང་གི་ཚོགས་འདུ་བསྡུ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།