ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་ཨུ་ཡོན་རྣམ་ས་འདུག་སར་སོང་ནས། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་ལ་འཚམས་འདྲི་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མཉམ་དུ་འཚམས་འདྲི་བྱས།
ཁྲིན་ཀང་གིས་སྐབས་གསར་པའི་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་བྱས་པ་དང་། ཚང་མས་མཚོ་སྔོན་གྱི་བཅོས་སྒྱུར་འཕེལ་རྒྱས་དང་བརྟན་འཇགས་ཐད་བྱས་རྗེས་བཞག་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་མཚོ་སྔོན་དུ་གཟིགས་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཆན་བཀོད་མཛུབ་སྟོན་གནང་ནས། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་འཆར་གཞི་བཟང་བོ་བཀོད། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པ་དང་། ཧུར་ཐག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་བཀོད་པའི་འཆར་འགོད་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལག་བསྟར་བཟང་བོ་བྱེད་པའི་ཆེས་རྩ་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམ་འཛིན་བྱེད་རྒྱུ་དེ་ཡིན། སྲིད་གྲོས་ཨུ་ཡོན་ནི་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ཕུལ་བྱུང་འཇོན་མི་དང་། སྲིད་ཞུགས་སྲིད་གླེང་གི་སྟོབས་ཤུགས་གཙོ་བོ་ཡིན་པས། རང་ཉིད་ཀྱི་ཆེད་ལས་དང་ཁྱད་ཆོས་འདོན་སྤེལ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཛུགས་སྐྲུན་ཁྲོད་ཞུགས་ནས། མཚོ་སྔོན་གྱི་བྱ་བ་སྣ་ཚོགས་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པར་བྱེད་དགོས།
ཁྲིན་ཀང་གིས་བཤད་རྒྱུར། མཚོ་སྔོན་ནི་ངའི་ཕ་ཡུལ་ཡིན་པ་དང་། མཚོ་སྔོན་གྱི་ལས་བྱེད་པར་བརྩོན་སེམས་ལྡན་ལ། མཚོ་སྔོན་གྱི་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བ་རོལ་འདོད་ཡོད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ནས་རེ་བ་ཆེན་པོ་ལྡན། སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོས། བློ་འདོན་ཇུས་འབུལ་བྱེད་པ་དང་། འགན་འཁྲི་ལག་བསྟར་བྱེད་པ། དབང་ཆ་ལག་བསྟར་ཡང་དག་བྱེད་པ། བློ་སེམས་རྩེ་གཅིག་གིས་གྲོས་ཚོགས་ཀྱི་ལས་འགན་སྣ་་ཚོགས་ཡོངས་འགྲུབ་བྱས་ཏེ། མཉམ་དུ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས།
པད་ཁོ་དང་ཀྲུའུ་ཞང་ཧྥིན། ཝང་ཀྲིན་ཁྲང་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས།