ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཟི་ལིང་ནས་གཟབ་རྒྱས་ངང་འཚོགས་མགོ་བརྩམས། གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་དགུ་བཅུ་ཡོད་པ་དང་འཐུས་མི་སུམ་བརྒྱ་དང་དོན་གཉིས་ཚོགས་འདུར་འབྱོར་བས། ཁྲིམས་བཀོད་མི་གྲངས་དང་མཐུན།
ཆུ་ཚོད་དགུའི་སྟེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་གིས་ཚོགས་ཆེན་དངོས་སུ་འཚོགས་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།
ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཁྲིན་ཀང་དང་ཁྲིན་རོས་ཧྥིན། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ལིན་ཧུའུ། ཝུའུ་ལ་ཙི་པེ་ཁི་རེ་སུའུ་ལིས་ཧན། པད་ཁོ། ཀྲུའུ་ཞང་ཧྥིན། དབྱི་ཧྲུའུ་ཆང་། ཝང་ལིས་མེན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།
ཝུའུ་ཞའོ་ཅུན་དང་པད་མ། མགོན་པོ་བཀྲ་ཤིས། ཡུས་ཚོང་ལི། ཀྲང་ཀོང་རོང་༎ ཝང་ཝེ་ཏུང་། ཚེ་རིང་ཐར། དེ་མིན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་དམག་ཁུལ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཚོགས་ཆེན་སྟེང་་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ། སྙན་ཞུ་ཁག་གསུམ་དུ་བགོས་ཡོད་དེ། གཅིག འདས་པའི་ལོ་ལྔའི་བྱ་བར་ཕྱིར་ལྟ་བྱེད་པ་དང་། གཉིས། ཕྱིན་ཆད་ཀྱི་ལོ་ལྔའི་བྱ་བའི་བསམ་ཕྱོགས་དང་ཉིས་སྟོང་ཉེར་གསུམ་ལོའི་ལས་འགན་གཙོ་བོ། གསུམ། སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་བཅས་རེད།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་གྱི་ལོ་ལྔ་ནི་ཧ་ཅང་རྒྱུན་ལྡན་མིན་ལ་ཧ་ཅང་སྤྱིར་བཏང་མིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་འགུལ་སྐྱོད་ཀྱི་ཕྱོགས་སྟོན་གཏན་ལ་ཕབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་གིན་ཡོད་ལ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ་ཐེངས་གཉིས་ལ་མཚོ་སྔོན་དུ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད་པ་དང་། ཐེངས་གཉིས་ལ་རྒྱལ་ཡོངས་དམངས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་པ་ནས་ལངས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པར་མ་ཟད། རྔམ་བརྗིད་ཀྱི་འཆར་གཞི་དང་མཛེས་སྡུག་གི་མདུན་ལྗོངས་བཀོད་ཡོད།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ལོ་ལྔའི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐད་ཀར་གྱི་མགོ་ཁྲིད་འོག ཞིང་ཆེན་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དང་རྒྱབ་སྐྱོར་འོག་ཏུ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། དྲིན་ཚོར་ཡར་བརྩོན་དང་མདུན་སྐྱོད་ལྷོད་མེད་ཀྱིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱས་ནས། རྒྱལ་ཡོངས་དང་མཉམ་དུ་དུས་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་བློ་སྤོབས་ཆེན་པོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་སྐྱོད་བཞིན་ཡོད།
ལོ་ལྔ་བོ་ནི། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་སྒོས་མཐོར་འདེགས་སུ་སོང་བའི་ལོ་ལྔ་རེད། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་བཙུགས་པ་དང་ལག་བསྟར་བྱས་ཏེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་གཙིགས་འཛིན་བྱས་པ་དང་། འཐབ་ཇུས་རང་བཞིན་གྱི་འཆར་འགོད་དང་ལམ་ལུགས་རང་བཞིན་གྱི་ཇུས་འགོད། གནད་འགག་རང་བཞིན་གྱི་བྱེད་ཐབས། འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་སྐོར་ཞིག་གཞི་གཅིག་ཏུ་སྤེལ་ལ།དཔལ་འབྱོར་དངོས་ཤུགས་ལོ་རེ་བཞིན་ཇེ་དྲག་ཏུ་སོང་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་སྒྱུར་བྱས་ལ། ཚོད་དཔག་བྱས་ན་དཔལ་འབྱོར་སྤྱི་འབོར་སྒོར་ཁྲག་ཁྲིག་གསུམ་དང་ཐེར་ཆེན་ལྔ་ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡས་མས་འཕར་སྣོན་བྱུང་། ད་ལྟའི་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་ལས་བརྟན་པ་དང་རྨང་གཞི་སྔར་ལས་མཐུག་ལ། སྒུལ་ནུས་སྔར་ལས་ཆེ།
ལོ་ལྔ་བོ་ནི། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པའི་ལོ་ལྔ་རེད། ང་ཚོས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་དོན་གལ་ཆེན་ཡིན་པ་ཡིད་ལ་དམ་པོར་བཟུང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པའི་མཐོ་ས་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ནས་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་། ད་ལྟའི་མཚོ་སྔོན་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་དང་། ཀྲུང་ཧྭའི་ཆུ་མཛོད་བརྟན་ཞིང་འབེལ་བ་དང་། ཆུ་དྭངས་རི་ལྗང་དང་དར་རྒྱས་གོང་འཕེལ་གྱི་སྣང་ཚུལ་བཟང་བོ་མངོན་ཡོད།
ལོ་ལྔ་བོ་ནི། ཐོན་ལས་ཀྱི་གནས་བཞི་བརྟན་བརླིང་ངང་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ལོ་ལྔ་རེད། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཐད་ནས་ཅཱ་དང་ནཱ། མཱེ། ལིས། ཁིལ་བཅས་ཐོན་ལས་ཆེན་པོ་ལྔའི་འདུས་འཛོམས་གྲུབ་པར་བྱས་ལ། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་ཅཱ་ལུད་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱས། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་ལྕགས་རིགས་ལིས་ཀྱི་ཐོན་སྐྱེད་བྱེད་ས་བཙུགས་པ་དང་། དག་གཙང་ནུས་ཁུངས་ཐད་ནས་ཁུངས་དྲ་ཚད་གསོག་གཞི་གཅིག་ཅན་གྱི་སྒོ་ནས་སྤེལ་བའི་དུས་རིམ་གསར་བར་སླེབས་ལ། ལག་རྩལ་གསར་གཏོད་དང་འཛུགས་སྐྲུན་གཞི་ཁྱོན། བེད་སྤྱོད་ལས་ཆོད་བཅས་དམིགས་ཚད་མང་པོའི་ཐད་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས། ཞིང་ཕྱུགས་ལས་ཀྱི་སྒྲིག་སྲོལ་རིམ་སྤོར་ཐད་ནས་འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་སྐྱེ་ལྡན་འཕང་འབྲས། ཉའི་ཐོན་སྐྱེད་རྟེན་གཞི་བཅས་སུ་རིམ་སྤོར་བྱས། སྐྱེ་ཁམས་ཡུལ་སྐོར་རིམ་བཞིན་དུ་དེང་རབས་ཞབས་ཞུ་ལས་རིགས་ཀྱི་སྣེ་ཁྲིད་ལས་རིགས་སུ་གྱུར་པ་དང་། མཚོ་སྔོན་ནི་རྒྱལ་ཡོངས་གནས་སྐོར་དམིགས་འབེན་ས་ཆ་བཅུའི་ཁྲོད་ཚུད། ད་ལྟའི་མཚོ་སྔོན་གྱི་ཡུལ་ལྗོངས་མཛེས་ཤིང་སྐྱེ་སྟོབས་ཀྱིས་ཁེངས་ལ། ཉིན་རེ་བཞིན་མི་ཡོངས་ཀྱི་སེམས་ཁོང་གི་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད།
ལོ་ལྔ་བོ་ནི། བཅོས་སྒྱུར་སྒོ་འབྱེད་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱས་པའི་ལོ་ལྔ་རེད། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བར་ཆད་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་གྱི་བཀག་རྒྱ་མཐའ་གཅིག་ཏུ་སེལ་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཐད་ནས་མཆོང་བརྒལ་རང་བཞིན་གྱི་གྲུབ་འབྲས་བླངས་ལ། རྨང་གཞི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་ཧ་ལམ་བཙུགས་ཡོད་པ་དང་། ཁྱབ་ཁོངས་མང་པོ་ནས་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་དང་མ་ལག་རང་བཞིན་གྱི་བསྐྱར་བཟོ། སྤྱི་ཁོག་རང་བཞིན་གྱི་བསྐྱར་སྒྲིག་བཅས་མངོན་འགྱུར་བྱས། ད་ལྟའི་མཚོ་སྔོན་དུ། ཕྱི་ནང་གཅིག་འདོམས་དང་ཕྱོགས་མང་མཉམ་སྐྱོད་ཀྱི་སྒོ་འབྱེད་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གྲུབ་པ་དང་། དར་གོས་ཚོང་ལམ་གྱི་གནའ་ལམ་ལ་གསོན་ཤུགས་དང་འགུག་ཤུགས་ཆེ་རུ་རྒྱས་ཡོད།
ལོ་ལྔ་བོ་ནི། རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ་བྱུང་བའི་ལོ་ལྔ་རེད། ང་ཚོས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་རེར་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བཟོ་སྐྲུན་ལག་བསྟར་བྱས་པ་དང་དམངས་ཕན་བྱེད་ཐབས་སྐོར་ཞིག་སྔ་རྗེས་སུ་དོན་འཁྱོལ་བྱས་ལ། ཐུན་མོང་ཕྱུག་འགྱུར་ལ་ཏན་ཏིག་གིས་སྐུལ་འདེད་བཏང་ཡོད། ད་ལྟའི་མཚོ་སྔོན་དུ་རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་དྲིན་ལན་ཚོར་བ། ཏང་གི་རྗེས་སུ་འབྲངས་ཏེ་ཡིད་ཆེས་ཆེན་པོས་ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་སྤོབས་པས་སྐྱོད་བཞིན་ཡོད།
ལོ་ལྔ་བོ་ནི། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཕྱོགས་ཡོངས་ནས་ཇེ་མཐོར་སོང་བའི་ལོ་ལྔ་རེད། ང་ཚོས་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་ལག་བསྟར་བྱས་པ་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ཡོད། ད་ལྟའི་མཚོ་སྔོན་དུ་སྲིད་དོན་དར་ཞིང་མང་ཚོགས་བདེ་བ་དང་། མི་རིགས་མཐུན་སྒྲིལ་དམ་ཞིང་སྤྱི་ཚོགས་འཆམ་མཐུནལྡན་ལ། མི་དམངས་ཀྱིས་བདེ་སྡོད་ལས་བརྩོན་བྱེད་བཞིན་ཡོད།
ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། དཀའ་ངལ་གདོང་བསུ་དང་དཀའ་སེལ་མདུན་སྐྱོད་སྒོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་བྱས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། དཔལ་འབྱོར་དེ་ལུགས་མཐུན་གྱི་བར་མཚམས་སུ་འཁོར་སྐྱོད་བྱས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་གཏན་འཇགས་ངང་མཐོར་འདེགས་བྱུང་ལ། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ལས་ཞུགས་དང་དངོས་གོང་ཕལ་ཆེར་བརྟན་འཇགས་ཡིན་ལ། འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས། མི་དམངས་ཀྱི་འཚོ་བ་བཅས་ལ་ཕན་ནུས་ལྡན་པའི་སྒོ་ནས་འགན་སྲུང་ཐོབ་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་ཡོང་བར་འགན་སྲུང་བྱས། སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཡས་མས་འཕར་ཡོད་པ་དང་། མཁར་གྲོང་གི་ཐོ་འགོད་བྱས་པའི་ལས་ཤོར་གྱི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་ལྔའི་ནང་ཚོད་འཛིན་བྱུང་ཡོད་པ་དང་། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་སྤྱད་ཆོག་པའི་ཡོང་འབབ་བརྒྱ་ཆའི་བཞི་དང་གྲངས་ཆུང་ལྔ་ཡས་མས་འཕར་ཡོད་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་བརྒྱ་ཆའི་གཉིས་དང་གྲངས་ཆུང་བཞི་ཡས་མས་འཕར་ཡོད། འབྲུ་རིགས་ཀྱི་ཐོན་ཚད་ཏུན་ས་ཡ་གཅིག་དང་ཁྲི་བདུན་སྟོང་གསུམ་སླེབས་ཡོད་པ་དང་ འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུད། རྫ་ཆུ་བཅས་ཀྱི་ཞིང་ཆེན་བརྒལ་བའི་ས་ཁོངས་ཀྱི་ཆུའི་སྤུས་ཚད་རིགས་གཉིས་པའམ་དེའི་ཡན་སྲུང་འཛིན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་དྲུག་དང་གྲངས་ཆུང་བཞི་ལ་སླེབས་ཡོད། རིམས་ནད་འགོག་སྡོམ་བྱས་པའི་ཞོར་དུ་དཔལ་འབྱོར་བརྟན་འཇགས་ཡོང་བར་བྱས་ཡོད་པ་དང་། བདེ་འཇགས་ཀྱི་ཚད་མཐའ་སྲུང་ཡོད་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་བཟང་བོ་བླངས་ཡོད། ཉིས་སྟོང་ཉེར་གཉིས་ལོའི་བྱ་བས་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་ནས་གཏན་འཁེལ་བྱས་པའི་ལོ་ལྔའི་དམིགས་འབེན་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་བདེ་བླག་ངང་རྫོགས་ཚིག་བཀོད་ཡོད། གྲུབ་འབྲས་དེ་འདྲ་ཐོབ་པ་ལས་སླ་མོ་མིན་པས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་འོས།
རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་སྤྱིའི་བཀོད་སྒྲིག་གླེང་སྐབས་ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དུས་སྐབས་གལ་ཆེན་ཡིན། ང་ཚོས་ཏང་གི་དར་ཆའི་འོག་ཏུ་བློ་སྒྲིམ་བློ་སྦྱོང་དང་སེམས་སྒྲིལ་ཤུགས་སྡུད། གསར་སྤེལ་གསར་གཏོད། བློ་བརྟན་ཡར་བརྩོན་བཅས་བྱས་ཏེ། གོམས་སྟབས་བརྟན་པོས་དུས་རབས་གསར་པར་འབད་པས་བསྐྱོད་ནས་སྐྱོད་ལམ་གསར་པར་བསྐྱོད་དགོས། དུས་རབས་གསར་པར་འབད་པས་བསྐྱོད་ནས་སྐྱོད་ལམ་གསར་པར་བསྐྱོད་དགོས་ན། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྟེང་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱས་ནས། གཟབ་ནན་ཞིབ་ཚགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་ལག་བསྟར་བྱེད་དགོས། དུས་རབས་གསར་པར་འབད་པས་བསྐྱོད་ནས་སྐྱོད་ལམ་གསར་པར་བསྐྱོད་དགོས་ན། ང་ཚོས་ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་དེང་རབས་ཀྱི་མཚོ་སྔོན་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་བྱ་བ་སྣ་ཚོགས་ཁྲོད་དུ་དོན་འཁྱོལ་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས། དུས་རབས་གསར་པར་འབད་པས་བསྐྱོད་ནས་སྐྱོད་ལམ་གསར་པར་བསྐྱོད་དགོས་ན། ང་ཚོས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྱེད་པ་དང་འཕེལ་རྒྱས་ཀྱི་ཁྱད་སྟོབས་གསར་པ་བསྐྲུན་ནས། སྟོབས་ཤུགས་ཡོད་རྒུས་རྔམ་བརྗིད་ཀྱི་འཆར་གཞི་དེ་མི་དམངས་ཀྱིས་རེ་སྒུག་བྱེད་པའི་མཛེས་སྡུག་གི་དོན་དངོས་སུ་འགྱུར་བར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་ལ་དམིགས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། ང་ཚོས་ཧུར་ཐག་སྒོས་སྔར་ལས་དོ་སྣང་བྱེད་པ་དྲུག་གི་བྱ་བ་བཟང་བོར་བསྒྲུབ་དགོས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱེད་པ་དང་། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ལ་སྔར་ལས་དོ་སྣང་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་དེའི་ཁྲོད་འདྲེས་པར་བྱེད་པར་སྔར་ལས་དོ་སྣང་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་པར་སྔར་ལས་དོ་སྣང་བྱེད་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་སྔར་ལས་དོ་སྣང་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་འཕེལ་རྒྱས་ལ་སྔར་ལས་དོ་སྣང་བྱེད་པ་བཅས་ཡིན།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འགོག་རྐྱེན་ཅི་ཙམ་མང་ཞིང་ལམ་ཐག་ཅི་ཙམ་རིངནའང་བརྩོན་པའི་རྒྱུན་མ་ལྷོད་ན་ནམ་ཞིག་དམིགས་སར་སླེབས་ཐུབ། ང་ཚོས་སྔར་ལས་ཀྱང་མཚོ་སྔོན་ལ་དགའ་ཞེན་དང་མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་ས་སྲུང་འགན་ཡོད་དང་འགན་ཤེས་འགན་སྒྲུབ་ཀྱིས་དག་སྲུང་གསར་གཏོད་དང་དོན་འཁྱོལ་ལྷོད་མེད་བྱས་ན། ད་གཟོད་དུས་རབས་ཀྱིས་བཅོལ་བའི་ལས་འགན་སྔར་ལས་ཡག་པོར་སྒྲུབ་ཐུབ་ལ། དོན་དངོས་དང་མཐུན་ལ་རིག་པ་གསལ་བོའི་སྒོ་ནས་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་ངོས་འཛིན་བྱས་ཏེ། འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པར་རྨང་གཞི་བརྟན་པོ་འདིང་བ་དང་ཞན་ཆ་གསབ་པ། ལེགས་ཆ་ཆེར་སྐྱེད་བཅས་བྱས་ན། ད་གཟོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡུན་རིང་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་ཐུབ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ལེགས་སྒྱུར་དང་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པར་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱིས་བྱ་གཞག་གསར་གཏོད་བྱས་ན། ད་གཟོད་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་གོམ་སྟབས་རེ་རེ་བཞིན་མངོན་འགྱུར་བྱེད་ཐུབ།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཉིས་སྟོང་ཉེར་གསུམ་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། སྐབས་གསར་པའི་སྲིད་གཞུང་གི་འགན་ནུས་སྒྲུབ་པའི་ལོ་ཐོག་མ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་གནད་འགག་གི་ལོ་ཞིག་ཡིན་པ་ལས་གཞན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། སྲིད་གཞུང་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར་དུ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་རྒྱུ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རང་འགུལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་པ། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་འདོམས་ལེགས་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་གང་ལེགས་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱ་རྒྱུ་དང་ཟུང་འབྲེལ་དམ་པོ་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བར་བྱེད་པ་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། དངོས་གོང་བརྟན་པོ་ཡོང་བར་བྱེད་པ་བཅས་ཀྱི་བྱ་བ་འབུར་དུ་ཐོན་པར་སྒྲུབ་པ། ཉེན་ཁ་ཚབས་ཆེན་འགོག་སེལ་ནུས་ལྡན་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ཕན་ནུས་ལྡན་པར་འཕར་བ་དང་གྲངས་ཚད་ལུགས་མཐུན་ངང་འཕར་རྒྱུ་མངོན་འགྱུར་བྱེད་པབཅས་བྱས་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་བླངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། གོང་གི་དམིགས་འབེན་བླང་བྱར་དམིགས་ཏེ་གཙོ་བོ་ཕྱོགས་བདུན་གྱི་བྱ་བ་དམ་འཛིན་བྱེད་དགོས་ཏེ། དངུལ་གཏོང་རྒྱ་བསྐྱེད་པ་དང་འཛད་སྤྱོད་མཐོར་འདེགས། དངོས་གཞི་སྟོབས་ཆེར་བཏང་སྟེ། དཔལ་འབྱོར་ཕྱོགས་ཡོངས་ནས་སླར་གསོ་དང་སྤུས་འདེགས་ནུས་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཐོན་ལས་ཕྲེང་འབྲེལ་དང་གསར་གཏོད་ཕྲེང་འབྲེལ་གཉིས་མཉམ་བསྲེས་འབྲེལ་མཐུད་བྱས་ཏེ་ཐོན་ལས་མ་ལག་གི་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པ། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ་ཀྲུང་ཧྭའི་ཆུ་མཛོད་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས་པ། བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་ཏེ་ནང་གནས་སྒུལ་ཤུགས་བསྐྱེད་པ་དང་འཕེལ་རྒྱས་ཀྱི་བར་སྟོང་རྒྱ་བསྐྱེད་དགོས་པ། མཁར་གྲོང་གི་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་ནུས་ཡོད་སྒོས་ཇེ་མཐོར་གཏོང་དགོས་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཇེ་དྲག་ཏུ་བཏང་སྟེ་དམངས་ཚིས་ཕྱུག་འགྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་འབུར་དུ་ཐོན་པར་བྱས་ཏེ་སྟོབས་ཤུགས་གཅིག་བསྡུས་ཀྱིས་བདེ་འཇགས་དང་འཆམ་མཐུན། བརྟན་འཇགས་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་བསྐྲུན་དགོས།
སྲིད་གཞུང་རང་སྟེང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་སྐོར་གླེང་སྐབས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། སྐྱོད་ལམ་གསར་པར་བསྐྱོད་སྐབས་སྲིད་གཞུང་གི་བྱ་བར་རྣམ་པ་གསར་པ་ཡོད་དགོས། ང་ཚོས་ངེས་པར་དུ་གསུམ་ཡིད་ལ་དམ་པོར་འཛིན་པ་དང་བློ་དཀར་སེམས་དཀར་གྱིས་རང་འགན་ལེགས་པོར་སྒྲུབ་སྟེ་མི་དམངས་ཡིད་ཚིམས་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པ་དང་། དར་ཆ་གསལ་སྒྲེང་གིས་ཆབ་སྲིད་གླེང་བ། ཁྲིམས་ལྟར་སྲིད་སྐྱོང་རྒྱུ་ཚད་ལྡན་དུ་གཏོང་བ། སྤྱོད་ཚུལ་ལེགས་སྒྱུར་གྱིས་སྔོན་ཐོན་བརྩོན་ལེན་བྱེད་པ། སློབ་སྦྱོང་དང་ལག་ལེན་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱོད་གཙང་གཞུང་དྲང་གིས་ཚད་མཐའ་དམ་པོར་སྲུང་བ་བཅས་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་མཇུག་མཐར་བཤད་རྒྱུར། སྐྱོད་ལམ་གསར་པས་ངར་སེམས་བསྐྱེད་ཅིང་། འགན་འཁྲི་གསར་པ་ཕྲག་ཏུ་ལྕི། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ནས། ངར་སེམས་ཆེར་བསྐྱེད་དང་དཔའ་སྐྱེད་་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས།
ཚོགས་ཆེན་སྟེང་ད་དུང་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་ཉིས་སྟོང་ཉེར་གསུམ་ལོའི་ནོར་སྲིད་སྔོན་རྩིས་ཀྱི་འཆར་ཟིན་སྐོར་གྱི་སྙན་ཞུ་ལ་ཞིབ་བཤེར་བྱས།
ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་ཡོངས་དང་། མཚོ་སྔོན་དུ་ཡོད་པའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་ཚོགས་ཆེན་ལ་ཟུར་ཞུགས་བྱས།