རང་ཞིང་གི་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.04.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 67

བསྟུད་མར་ཉིན་འགའི་རིང་ལ། རང་ཞིང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ཏེ། བརྗོད་དོན་སློབ་གསོའི་དམིགས་འབེན་དང་བླང་བྱ། རྩ་བའི་ལས་འགན་བཅས་ལ་ཆ་ཚང་ཞིང་ཡང་དག་པར་རྒྱུས་ལོན་དང་དོན་འཁྱོལ་བྱས་ཤིང་། གཅིག་འདོམས་ཇུས་འགོད་ནན་མོ་དང་རྩ་འཛུགས་སློབ་སྦྱོང་ཞིབ་མོ་བྱས་ཏེ། བརྗོད་དོན་སློབ་གསོ་ནུས་པ་ལྡན་ཞིང་གོ་རིམ་ཡོད་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་སྤྱི་བདེ་ཐིན་གྱིས་བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་བྱ་བར་ཆེད་དུ་ཞིབ་འཇུག་བྱས་ཏེ། གཞུང་ལུགས་སློབ་སྦྱོང་གི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་པ་དང་། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་པ་དང་། ལྟེ་གནས་ཚན་ཁག་གིས་ཆེད་དུ་སློབ་པ། ཁྲུའུ་རིམ་པའི་ལས་བྱེད་པས་གཙོ་གནད་དུ་སློབ་པ། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལས་རོགས་པས་རྒྱ་ཆེར་སློབ་པ། ཚན་ཁག་གི་ཁོངས་མི་དང་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་གི་སློབ་ཁྲིད་བྱེད་པ། ཏང་གཤིས་གྲོས་སྡུར་ཆེན་མོ་ནང་དོན་གཙོ་བོ་ཡིན་པའི་སློབ་པ་བཞི་དང་ཁྲིད་པ་གཉིས། གྲོས་སྡུར་གཅིག་གི་བྱ་འགུལ་སྤེལ་བ་བཅས་ལ་བཀོད་སྒྲིག་བྱས་ཏེ་བརྗོད་དོན་སློབ་གསོ་མ་ལུས་མ་ཆད་པར་ཡོངས་སུ་ཁེབས་པར་སྐུལ་འདེད་བཏང་། དེ་དང་མཉམ་དུ་བསྟུད་མར་ཆེད་དོན་ཚོགས་འདུ་བསྡུས་ཏེ། བྱེ་བྲག་གི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། ཆ་འཕྲིན་ཞུ་སྐྱེལ་དང་གནས་ཚུལ་ཁྱབ་སྒྲོག ཉམས་མྱོང་བརྗེ་རེས། རིགས་བགར་མཛུབ་སྟོན། ཕྱི་ཕྱོགས་དྲིལ་སྒྲོག་སོགས་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། བརྗོད་དོན་སློབ་གསོའི་བྱ་བའི་འཕེལ་རིམ་ལ་ཡོངས་སུ་རྒྱུས་ལོན་བྱས་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ལྟ་སྐུལ་མཛུབ་སྟོན་བྱས་ལ། ཉམས་མྱོང་དང་བྱེད་ཐབས་དུས་ལྟར་སྤྱི་སྡོམ་བྱས་པ་དང་ཁྱབ་གདལ་དུ་བཏང་ནས། གཞི་རིམ་སྤྱི་བདེ་ལས་ཁུངས་ཀྱིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བར་ཉམས་མྱོང་བསགས།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྐུལ་སློང་བཀོད་སྒྲིག་བྱེད་སྐབས། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཏེ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ལག་ལེན་གྱི་ཐབས་ཤེས་སུ་བྱས་ནས་བྱ་བ་སྣ་ཚོགས་ལ་གོང་འཕེལ་མངོན་གསལ་དང་མཐོར་འདེགས་ཤུགས་ཆེན་འབྱུང་བར་སྐུལ་འདེད་གཏོང་དགོས་པ་དང་། རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཏེ། བྱ་བའི་བཀོད་སྒྲིག་ཡོད་ཚད་དང་སྐུལ་སྤེལ་གྱི་བྱེད་ཐབས་ཡོད་ཚད། བྱ་བའི་བླང་བྱ་ཡོད་ཚད་བཅས་བརྗོད་དོན་སློབ་གསོར་དམིགས་ནས་གཏན་ཁེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། བྱེ་བྲག་གི་དམིགས་འབེན་ལ་དམིགས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཏེ། འདྲི་གཅོད་ལག་བསྟར་གྱི་འབུར་ཐོན་གནད་དོན་དང་མང་ཚོགས་བསམ་འཆར་ཆེ་བའི་དཀའ་གནད་ཧུར་ཐག་གིས་ཐག་གཅོད་དགོས་པ། གཅིག་འདོམས་ཟུང་སྦྲེལ་གཙིགས་སུ་བཟུང་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཏེ། གནད་ས་འབུར་དུ་ཐོན་པར་བྱེད་པ་དང་གནད་འགག་དམ་དུ་འཛིན་པ། ཁྱོན་ཡོངས་ལ་ལྟ་བ། གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ནས། བྱ་བ་ཚང་མ་ཏན་ཏིག་གིས་སྒྲུབ་སྟེ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་པ་ཡོངས་ཀྱིས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། གཞི་རིམ་དུ་སོང་ནས་བརྟག་དཔྱད་བྱེད་པ་དང་དཀའ་གནད་ཐག་བཅད་དེ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་ཐབས་ཤེས། སྲིད་ཇུས་དང་བྱེད་ཐབས། དོན་དངོས་ཀྱི་བྱ་སྤྱོད་བཅས་སུ་བསྒྱུར་དགོས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འགན་འཁྲི་ནན་སྒྲུབ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྲུང་སྐྱོབ་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་དུ་འདྲ་མཉམ་དང་དྲང་གཞག་ཉམས་སུ་མྱོང་དུ་འཇུག་དགོས་པ། ཏང་གཤིས་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་། གནད་དོན་གྱི་འབྱུང་རྐྱེན་འཚོལ་བ། གནད་དོན་རེ་རེར་དག་བཅོས་ཀྱི་བྱེད་ཐབས་གཏན་འབེབས་བྱས་ནས། གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས་པ། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། རྒྱུན་རྣམ་ཡུན་ཕན་ལ་ཁག་ཐེག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སློབ་བརྩོན་རྒྱལ་དར་ཞེས་པ་དང་མཚོ་སྔོན་ཁྲིམས་ལུགས་ཁྱབ་གདལ་ཞེས་པ་སོགས་ཀྱི་སྟེགས་བུ་བརྒྱུད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དྲ་ཐོག་སློབ་ཁྲིད་ལ་ཉན་པའི་སློབ་སྦྱོང་བྱ་འགུལ་སྤེལ་བ་དང་། ཕྱོགས་ཡོངས་ནས་སློབ་སྦྱོང་དང་སློབ་གསོ་སྤེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཚང་མའི་སེམས་སུ་སིམ་པར་སྐུལ་འདེད་བཏང་། དུས་ཡུན་ཉིན་བདུན་གྱི་དཔེ་ཀློག་འཛིན་གྲྭ་བསྒྲུབས་ཏེ། ཆེད་དོན་ཟུར་ཁྲིད་དང་བགྲོ་གླེང་བརྗེ་རེས། རང་སྦྱོང་། སློབ་ཐུན་ཞིབ་ཀློག དཔེ་ཀློག་མཉམ་སྤྱོད། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་ཉེན་རྟོག་པས་བརྗོད་དོན་སློབ་གསོར་རྒྱུས་ལོན་ཡང་དག་བྱེད་པ་དང་དངོས་སུ་དོན་འཁྱོལ་བྱེད་པར་མིག་དཔེ་བསྟན་པ་དང་སྐུལ་ཁྲིད་བྱས། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཏང་གི་ལས་དོན་སྒྲུབ་པའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དང་། ཐིན་ཁོངས་གཏོགས་ཀྱི་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཆེད་དོན་བགྲོ་གླེང་གསོ་སྦྱོང་སོགས་སྤེལ་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཐོག་མའི་བསམ་འདུན་ལ་བཀྲག་མདངས་བསྣན་ཞིང་འགན་འཁྲི་སྒྲུབ་པར་ཁྲིད་སྟོན་བྱས།