མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་གཅིག་གྱུར་བཀོད་སྒྲིག་ལྟར། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བརྒྱད་པ་དུས་ཐོག་ཏུ་ནུབ་རྒྱུད་གཏེར་ལས་སྡེ་ཚོགས་དང་ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཁྲོང་ཨན་ཚད་ཡོད་ཀུང་ཟི་སོགས་ཞིང་ཆེན་ཁོངས་གཏོགས་ཀྱི་ཁེ་ལས་བཅུ་གཅིག་ཏུ་སོང་ནས། སྐོར་ཞིབ་མཛུབ་སྟོན་དང་སྐབས་བསྟུན་ཞིབ་བཤེར། བརྟག་དཔྱད་བགྲོ་གླེང་སོགས་ཀྱི་རྣམ་པ་སྤྱད་དེ། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱི་ཏང་ཨུས་ཧ་ཅང་མཐོང་ཆེན་བྱེད་པ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་དང་མཛུབ་སྟོན་བྱས་ལ། དུས་ཐོག་ཏུ་རྗེས་འདེད་བྱས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱས་པ་དང་ལག་བསྟར་དམ་འཛིན་བྱས་ནས། བརྗོད་དོན་སློབ་གསོ་ལ་འཆར་འགོད་བཟང་བོ་དང་རྩ་འཛུགས་བཟང་བོ། ལག་བསྟར་བཟང་བོ་བྱས།
རྒྱལ་ཁབ་གསར་སྤེལ་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཟུང་ཟི་དང་མཚོ་སྔོན་དངུལ་ཁང་། ཡིད་རྟོན་ཉེན་སྲུང་སོགས་ཁེ་ལས་སུ་མཛུབ་སྟོན་བྱེད་སྐབས། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཁེ་ལས་ཀྱི་ཏང་ཨུའི་བར་གྱི་བརྗེ་རེས་ལ་ཤུགས་བསྣན་པ་དང་། ཁེ་ལས་སོ་སོའི་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་གྱི་སྔོན་དུས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་མོར་ཉན་ཞིང་། བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་དང་དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་འཆར་གཞི། རྟོག་ཞིབ་བྱ་བའི་བཀོད་སྒྲིག་སོགས་དཔྱད་གཞིའི་ཡིག་ཆར་ཞིབ་བཤེར་ནན་མོ་བྱས་པ་དང་། དུས་ཐོག་ཏུ་ཁེ་ལས་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ལ་ཞུགས་ཤིང་། ཁེ་ལས་ཏང་ཨུས་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་བ་དང་མཛུབ་སྟོན་བྱས། བརྗོད་དོན་སློབ་གསོ་འགོ་རྩོམ་དུས་རྙེད་པའི་གནད་དོན་དང་ཞན་ཆའི་ཐད་ནས། ཁེ་ལས་ཀྱི་ཏང་ཨུ་དང་མཉམ་དུ་ཞིབ་འཇུག་བྱས་པ་དང་། དུས་ཐོག་ཏུ་བློ་འདོན་ཇུས་འབུལ་བྱེད་རོགས་བྱས་ནས། ལྟ་སྐུལ་མཛུབ་སྟོན་གྱི་ཁ་གཏད་རང་བཞིན་དང་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་བཏང་།
ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟི་རུ་མཛུབ་སྟོན་བྱེད་སྐབས། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་གཞི་རིམ་དུ་བསྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཅཱ་ལུད་དང་ལན་ཁི་ལིས་ཐོན་ལས་སོགས་ཡན་ལག་ཀུང་ཟི་རུ་སོང་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། ཅཱ་ལུད་ཡན་ལག་ཀུང་ཟིའི་ཐོན་སྐྱེད་འཁོར་ཁང་དང་པོ་རུ་ཏང་ཡོན་དཀྱུས་མ་དང་གླེང་མོལ་བྱས་ནས། ཅཱ་ལུད་ཡན་ལག་ཀུང་ཟིས་གཞི་རིམ་ཏང་རྩ་འཛུགས་ཁྲོད་དུ་བརྗོད་དོན་སློབ་གསོ་སྤེལ་བར་རྒྱུས་ལོན་གསལ་བོ་བྱས་པར་མ་ཟད། འདུ་གསུམ་དར་གསུམ་དང་འདོན་པ་གསུམ་གྱི་བརྗོད་དོན་ཏང་འཛུགས་བྱ་འགུལ་དེ་བརྗོད་དོན་སློབ་གསོ་བྱ་འགུལ་གྱི་འདྲེན་བྱེད་དུ་བརྩིས་ནས། གཏན་ཁེལ་བྱ་བ་རྣམ་པ་མི་འགྱུར་བ་དང་རང་འདེམས་བྱ་བའི་ཐད་ནས་ནང་དོན་གསར་བ་ཡོད་པར་བྱས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་མུ་མཐུད་དུ་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་སློང་བྱས་ཏེ། ཐོན་སྐྱེད་ཚོང་གཉེར་ཐད་ནས་ཡང་བསྐྱར་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ་དང་ཐོན་ཚད་སྤུས་ཚད་ཐད་ནས་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་།
མཚོ་སྔོན་ཁྲོང་ཨན་ཚད་ཡོད་ཀུང་ཟི་རུ་མཛུབ་སྟོན་བྱེད་སྐབས། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་མཚོ་འཕགས་རྨིད་སྟོང་གསུམ་དང་བརྒྱ་ཐམ་པ་ཡོད་པའི་གཏེར་ཁུལ་གྱི་ཐོན་སྐྱེད་འཁོར་ཁང་དང་ཅུའུ་ཡོན་ཀུང་ཟི། ཀྲི་ཡོན་འཕྲུལ་གློག་ཀུང་ཟི་སོགས་ལ་སོང་ནས། གཏེར་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས། 2020ལོའི་ཚུན་དུ། ཁྲོང་ཨན་ཀུང་ཟིའི་ཏང་ཨུས་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་བྱས་ནས། ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱས་པ་དང་རྐྱེན་སྲོལ་བཅོས་སྒྱུར་བྱས་ལ། བཅོས་སྐྱོང་བཟང་བོ་བྱས་ཏེ། གྱོང་གུན་ཁེ་སྤོགས་སུ་བསྒྱུར་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་རྗེས། ཀུང་ཟིའི་ཏང་ཨུས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་གོ་སྐབས་སུ་བརྩིས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། གནད་དོན་དང་ཞན་ཆ་འཚོལ་བ། ཏང་འཛུགས་དང་ཐོན་སྐྱེད་ཚོང་གཉེར་མཉམ་བསྲེས་མཉམ་སྐུལ་བྱེད་པར་ཤུགས་བསྣན་ནས། ཀུང་ཟི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་རྒྱུའི་སྐུལ་སློང་བཏང་།