ཟླ5ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས9པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་གྲོས་ཚོགས་ཐོག་གི་གསུང་བཤད》སྤེལ་ཡོད།
རྩོམ་ཡིག་ནང་། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས། དང་པོ། འདི་ནི་ཏང་ཡོངས་ཀྱི་བསམ་བློ་དང་། འདོད་བློ། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་པ་དང་ཏང་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ནུས་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། བསམ་བློའི་ཐོག་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་ཆེས་གཏིང་ཟབ་ཤོས་དང་། རྒྱུན་རིང་ཤོས། བློས་འཁེལ་ཤོས་བཅས་ཀྱི་འགན་ལེན་ཞིག་ཡིན། རང་རེའི་ཏང་འདི་འདྲ་ཆེན་པོ་ཞིག་གིས་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ལ་འགོ་ཁྲིད་བྱེད་བཞིན་ཡོད་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་འདི་འཁུར་བཞིན་ཡོད་པས། ཏང་ཡོངས་ཀྱིས་ངེས་པར་དུ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱ་དགོས། གཉིས་པ། འདི་ནི་ཏང་ཡོངས་ཀྱིས་ཧུར་བརྩོན་ཆེན་པོས་འགན་འཁྲི་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། རང་རེའི་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་འབད་འཐབ་བྱས་པའི་གྲུབ་འབྲས་རླབས་ཆེན་ཚང་མ་ནི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་འགོད་དེ་ལག་ལེན་དོན་འཁྱོལ་བྱེད་དགོས་ན། སྔར་བཞིན་འབད་འཐབ་དང་ལག་ལེན་ལ་བརྟེན་དགོས། གསུམ་པ། འདི་ནི་ཏང་ཕྱོགས་ཡོངས་ནས་ནན་མོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཏང་ཕྱོགས་ཡོངས་ནས་ནན་མོས་སྐྱོང་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་ཏང་གི་རང་ངོས་གསར་བརྗེ་བྱ་རྒྱུ་ནམ་ཡང་ལམ་དུ་ཡོད། ཏང་ཆེན་པོའི་དམིགས་བསལ་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་ནི་དུས་ཡུན་རིང་ལ་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པས། དམ་འཛིན་ལྷོད་མེད་བྱེད་དགོས་ལ་གཅིག་སྡུད་ངང་ཤུགས་སྣོན་ཡང་རྒྱག་དགོས་ཤིང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མཐའ་དག་དུས་ཐོག་ཏུ་མེད་པར་བཟོ་བ་དང་། ཏང་གི་བདེ་ཐང་ལ་གནོད་འཚེ་གཏོང་བའི་ནད་དུག་མཐའ་དག་གཙང་སེལ་བྱས་ཏེ། ཏང་གི་ངོ་བོ་ནམ་ཡང་མི་འགྱུར་བ་དང་། རང་མདངས་ནམ་ཡང་མི་འགྱུར་བ། བྲོ་བ་ནམ་ཡང་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།
རྩོམ་ཡིག་ནང་། བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་འབེན་དང་བླང་བྱ་ཕྱོགས་ཡོངས་ནས་དམ་འཛིན་གནད་འཁེལ་བྱེད་དགོས། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྤྱིའི་བླང་བྱ་ནི་དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ལ་ཤུགས་སྣོན། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་རེད། སྐད་ཆ་ཚིག་བཞི་པོ་འདིས་རང་རེའི་ཏང་གི་ངོས་འཛིན་དང་ལག་ལེན་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། རང་སྣང་གི་འཇིག་རྟེན་བསྒྱུར་བཀོད་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་གཅིག་གྱུར་བཅས་ཀྱི་ཐོག་མཐའ་བར་གསུམ་གྱི་བླང་བྱ་མཚོན་ཡོད་པས། དེ་ནི་འབྲེལ་བ་ཟབ་ཅིང་ཕན་ཚུན་འབྲེལ་མཐུད་ཆེ་བ། ནང་གནས་གཅིག་གྱུར་བཅས་ཀྱི་ཧྲིལ་པོ་ཞིག་རེད། སྤྱིའི་བླང་བྱ་འདི་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། ད་རེས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་ལ་ཞུན་བརྡར། ལག་ལེན་ལ་མཛུབ་ཁྲིད། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས། ཏང་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་གཅིག་གྱུར་གྱི་བསམ་བློ་དང་། བློ་རྩ་བརྟན་པོ། མཐུན་སྦྱོར་གྱི་བྱ་སྤྱོད། འཐབ་ནུས་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཐོག སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལག་ལེན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་ངོ་མ་ཐོན་པར་བྱེད་དགོས། བྱེ་བྲག་ཏུ་གཤམ་གསལ་གྱི་དམིགས་འབེན་འགྲུབ་པར་བྱེད་དགོས། གཅིག་ནས་བློ་སྒྲིལ་སེམས་སྐྱེད་ལ་བརྟེན་ནས་རྩ་བ་ཇེ་བརྟན་དུ་གཏོང་བ་དང་། གཉིས་ནས་གཤིས་རྒྱུད་ལ་ཞུན་བརྡར་བྱས་ནས་བློ་དཀར་སེམས་དཀར་གྱི་ཚད་གཞི་མཐོ་རུ་གཏོང་བ། གསུམ་ནས་འགན་འཁྲི་དངོས་སུ་བསྒྲུབས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཞི་ནས་དམིགས་ཡུལ་ལག་བསྟར་བྱས་ནས་དམངས་ལ་བདེ་སྐྱིད་བསྐྲུན་པ། ལྔ་ནས་སྤྱོད་གཙང་སྤྱི་གཞོལ་གྱིས་སྲོལ་གསར་གཏོད་པ་བཅས་ཡིན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དུས་རིམ་དང་ལྷུ་ཚིགས་མི་དབྱེ་བར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དང་དག་ཐེར་ཡོ་བསྲང་སོགས་འབྲེལ་མཐུད་ཀྱིས་མཉམ་འདྲེས་དམ་ཚགས་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་སྣེ་ཡག་པོ་འཁྲིད་པ་དང་མིག་དཔེ་ཡག་པོ་བསྟན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནི་ཕྱོགས་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཡིན་པས། དུས་ཚོད་ཐུང་བ་དང་། ལས་འགན་ལྕི་བ། བླང་བྱ་མཐོ་བ་བཅས་ཡིན། རིམ་པ་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དང་པོ། འགོ་ཁྲིད་ཀྱི་འགན་འཁྲི་ཁ་གསལ་བཟོ་དགོས། གཉིས་པ། སྐུལ་འདེད་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་བྱེད་དགོས། བཞི་པ། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་པའི་བརྗིད་ཆེའི་དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་ཐུབ། ང་ཚོ་མི་རབས་འདིའི་གུང་ཁྲན་ཏང་མིའི་ལས་འགན་གཟི་བརྗིད་ཆེ་ཞིང་འགན་འཁྲི་ལྕི། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དེ་གོ་སྐབས་སུ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་ཡོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། སྐྱོད་ལམ་གསར་བའི་སྟེང་སེམས་ནུས་གཅིག་སྒྲིལ་གྱིས་མདུན་སྐྱོད་དང་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།