“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་ནས་བརྟག་དཔྱད་ཟབ་མོ་བྱེད་དགོས།
2023.05.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིན་ཧྭ་གསར་འགྱུར་ཁང་གིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་གང་མང་སྤྱད་ནས་བརྟག་དཔྱད་ཟབ་མོ་བྱེད་དགོས་ཞེས་པའི་དུས་དོན་དཔྱད་བརྗོད་སྤེལ་བ་དང་། དཔྱད་བརྗོད་ལས་འདི་ལྟར་བསྟན་ཡོད།

བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་ནི་ང་ཚོའི་ཏང་གི་ཁྱིམ་བརྒྱུད་ནོར་བུ་ཡིན་ལ། ལས་དོན་ཁག་ལེགས་པོར་སྒྲུབ་པའི་གཞི་རྩའི་ནུས་རྩལ་ཡང་ཡིན། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན་ལ། བརྗོད་དོན་སློབ་གསོའི་ཁྱད་ཆོས་མངོན་གསལ་ཅན་ཞིག་ཀྱང་ཡིན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས། “བརྡ་སྦྱོར་མི་སྤེལ་བ་དང་ངག་བརྡ་མི་གཏོང་བ། སྙན་ཞུར་མི་ཉན་པ། སྣེ་ལེན་དང་འགྲོ་རོགས་མི་བྱེད་པ། ཐད་ཀར་དུ་གཞི་རིམ་དུ་བསྐྱོད་པ་དང་ཡུལ་དངོས་ལ་ཐད་ཀར་འཇུག་པ”བཅས་ཀྱི་བྱེད་ཐབས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས།

མགོ་ཁྲིད་ལས་བྱེད་པས་དཀའ་བ་གདོང་གིས་བསུས་ཏེ་བརྟག་དཔྱད་ཞིབ་འཇུག་ངོ་མ་དང་གནད་དོན་དངོས་ཐག་གཅོད་བྱེད་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་མིག་ཟུང་འོག་རིམ་ལ་གཏོད་རྒྱུ་དང་གོམ་སྟབས་འོག་རིམ་དུ་སྒྱུར་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ཁྲོད་ཟབ་ཞུགས་བྱེད་པ་དང་མང་ཚོགས་ཁྲོད་དངོས་སུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་དགོས། ཚན་རིག་ཞིབ་འཇུག་གིས་བརྟག་དཔྱད་ཞིབ་འཇུག་གི་ཇུས་གཞི་གཏན་འབེབས་བྱེད་པ་དང་། བརྟག་དཔྱད་དཔྱད་གཞི་དང་དུས་ཚོད་དང་ས་གནས། བྱེད་སྟངས་དང་བྱེད་ཐབས་བཅས་ཁ་གསལ་བཟོ་དགོས་པ་ལས། འཆར་གཞི་མེད་པར་རྨོངས་ཚོད་ཀྱིས་བརྟག་དཔྱད་ཞིབ་འཇུག་མི་བྱེད་པར། རྟོག་ཞིབ་ཀྱི་ཆེད་དུ་རྟོག་ཞིབ་བྱེད་པའི་གནད་དོན་སྔོན་འགོག་བྱེད་དགོས། བརྟག་དཔྱད་ལས་དོན་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། དོན་དངོས་དང་བསྟུན་ནས་བརྟག་དཔྱད་ཞིབ་འཇུག་བྱེད་ས་བདམས་ཏེ། གཞི་རིམ་དང་ལས་ཁུངས། ཁེ་ལས་སོགས་ཀྱི་སྡེ་ཁག་དུ་སོང་ནས་བརྟག་དཔྱད་བྱས་ཆོག་ལ། ཁྱད་པར་དུ་དཀའ་ངལ་ཆེ་ས་དང་མང་ཚོགས་ཀྱི་ངོས་ནས་བསམ་འཆར་མང་ས། ལས་མགོ་རྩོམ་མི་ཐུབ་པ་བཅས་ཀྱི་ས་གནས་དང་ལས་ཁུངས་སུ་སོང་ནས་རྟོག་ཞིབ་མང་ཙམ་བྱས་ཏེ། དུས་ཚོད་གཅིག་འདྲའི་ནང་ས་ཆ་གཅིག་ཏུ་མཉམ་རུབ་བྱས་ཏེ་རྟོག་ཞིབ་ལས་སྒོ་སྤེལ་མི་རུང་། བརྗོད་གཞི་ལེན་པའི་བརྟག་དཔྱད་ཞིབ་འཇུག་གི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། ཞིབ་འཇུག་བྱ་གཞི་གཅིག་ལ་དམིགས་ནས་གནས་ཚུལ་གསལ་རྟོགས་བྱེད་དགོས་པ་ལས། གང་འདོད་ལྟར་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཁ་སྣོན་བྱེད་མི་རུང་བ་དང་། གནད་དོན་འདྲ་མཚུངས་ལ་བརྟག་དཔྱད་ཞིབ་འཇུག་སྣེ་མང་སྤྱོད་མི་རུང་ལ། གནད་དོན་གཅིག་ལ་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱེད་མི་རུང་། རྒྱུ་ཆ་གང་མང་ཁོ་ནར་བརྟེན་ནས་གནས་ཚུལ་རྟོགས་ཐབས་བྱེད་མི་རུང་བ་དང་། བརྟག་དཔྱད་ཞིབ་འཇུག་གི་ལས་འགན་སྟབས་བདེའི་ངང་གཞི་རིམ་ལས་ཁུངས་ལ་བཀོད་སྒྲིག་བྱེད་མི་རུང་། གནད་དོན་གཅིག་ལ་དབྱེ་ཞིབ་བྱས་ནས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་པ་དང་། གྲོས་བསྡུར་གང་མང་བྱེད་དགོས་པ་ལས། ཉན་ཙམ་དང་འཁོར་ཙམ། ལྟ་ཙམ་བཅས་ཁོ་ན་བྱས་ནས་ཕྱི་ཚུལ་ཙམ་གྱི་བརྟག་དཔྱད་ཞིབ་འཇུག་གཏན་ནས་བྱེད་མི་རུང་། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་རྣམ་པ་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་གང་མང་བྱེད་དགོས་པ་དང་། འཁོར་ཉུང་སྟབས་བདེ་དང་གྲོན་ཆུང་ནན་ཏན། རིམ་པ་རེ་རེར་འགྲོ་རོགས་མི་བྱེད་པ་བཅས་བྱས་ཏེ།   གཞི་རིམ་གྱི་ཁུར་པོ་ཇེ་ལྗིད་དུ་གཏོང་མི་རུང་། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་དོན་ཐག་གཅོད་བྱེད་པའི་དམིགས་ཡུལ་བཅངས་ནས་རྟོག་ཞིབ་བྱེད་དགོས་ལ། ཕྱོགས་གང་ཞིག་གི་གནད་དོན་མངོན་གསལ་དོད་པོ་ཡིན་ན་ཕྱོགས་དེར་དམིགས་རྒྱུ་དང་། ལྷུ་ཚིགས་གང་ཞིག་ཏུ་གནད་དོན་བྱུང་ན་ལྷུ་ཚིགས་དེར་དམིགས་ནས་དངོས་གཉེར་གོ་ཆོད་ཀྱི་ཐག་གཅོད་བྱེད་ཐབས་བཙལ་ཏེ། ཀུན་གྱི་གོང་ནས་བསྡད་དེ་ལྷོད་གཡེང་གི་བསམ་པ་འཛིན་མི་རུང་།

བརྟག་དཔྱད་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་གནད་དོན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། ལས་འགན་གསལ་ཐོ་བཅས་རེ་རེ་བཞིན་བཟོས་ཏེ། གཟེར་འདེབས་སྙིང་སྟོབས་དར་སྤེལ་དང་། གནད་དོན་ཐག་གཅོད་མ་བྱས་བར་དུ་ལྷོད་གཡེང་གཏན་ནས་མི་བྱེད་པ་དང་། ཐག་གཅོད་མཐར་ཕྱིན་མ་བྱས་བར་དུ་ལྷོད་གཡེང་གཏན་ནས་བྱེད་མི་རུང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཚུལ་སྒྱུར་དང་བེད་སྤྱོད་ཀྱི་གསལ་ཐོ་ཡང་དག་བཟོས་ནས། གནད་དོན་ཐག་གཅོད་ཐུབ་མིན་དང་ད་ཡོད་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཡོད་མེད། ལས་དོན་སྤེལ་བའི་གོ་རིམ་བདེ་བླག་ཡིན་མིན། ལམ་སྲོལ་འཐུས་ཚང་དུ་ཕྱིན་ཡོད་མེད་སོགས་ཀྱི་ཐད་ནས་བརྟག་དཔྱད་ཞིབ་འཇུག་གི་ཕན་འབྲས་ལ་དཔྱད་འཇོག་བྱེད་དགོས་པ་ལས། སྟབས་བདེ་སླ་བཅོས་ཀྱི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་གི་སྙན་ཞུས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ཀྱི་ཚབ་བྱེད་མི་རུང་།

མིག་སྔར། སྔར་བཞིན་མགོ་ཁྲིད་ལས་བྱེད་པ་རེ་འགས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་སྤྱད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུར་སྐྲག་སྣང་སྐྱེས་ནས། སྤྱོད་ཚུལ་བབ་བརླིང་མིན་པའི་གནད་དོན་ཡོད་ཅིང་།  ནུས་པ་ཞན་པའི་དབང་གིས་གནད་དོན་ཤེས་ཀྱང་ཐག་གཅོད་མི་ཐུབ་པར་སྐྲག་སྣང་སྐྱེས་པའི་སྣང་ཚུལ་ཡོད་ལ། ཐ་ན་གནད་དོན་འདོན་དུས་ཉེ་གམ་གྱི་མི་ལ་ཕོག་ཐུག་གཏོང་སྲིད་སྙམ་ནས་སྔ་བལྟས་ཕྱི་འདང་རྒྱག་མཁན་ཡང་ཡོད།

བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། ཏང་ཀྲུང་དབྱང་གི་ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་སྐོར་གྱི་ལས་ཀའི་ཇུས་གཞི་དངོས་ལྟར། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ནས་མདུན་ཕྱོགས་སུ་འབྲེལ་གཏུག་བྱེད་དུ་འཇུག་པ་དང་། གནས་ཚུལ་ངོ་མ་དང་མི་དམངས་ཀྱི་བསམ་འདུན་ཁོང་དུ་ཆུད་པར་བྱེད་པ། བརྟག་དཔྱད་ཞིབ་འཇུག་དངོས་ཀྱི་སྐབས་སུ་ཏང་གི་གསར་གཏོད་གཞུང་ལུགས་ལ་གོ་བ་གཏིང་ཟབ་ལེན་པ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གོ་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ནས་ལག་ལེན་དངོས་ལ་འཕེལ་བར་བྱེད་རྒྱུ་དང་། སྤྱོད་ཚུལ་ལེགས་སྒྱུར་དང་མང་ཚོགས་བར་གྱི་བརྩེ་སེམས་ཇེ་དམ་དུ་གཏོང་བའི་གོ་རིམ་དངོས་ལ་བསྒྱུར་དགོས་པར་མ་ཟད། ད་དུང་འགན་འཁྲི་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གོ་རིམ་དངོས་ལ་བསྒྱུར་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས། བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་གང་ལེགས་བྱས་ཏེ། སློབ་གསོ་དང་ལག་ལེན་གཉིས་ཀར་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།