ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།   ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་ཆབ་སྲིད་ལངས་གནས་མཐོར་འདེགས་དང་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱས་པ་དང་།    བརྗོད་དོན་སློབ་གསོ་དང་བྱ་བ་གཙོ་བོ་གཉིས་མཉམ་དུ་དམ་འཛིན་དང་དེ་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བརྗོད་དོན་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་གཏོང་བའི་གྲུབ་འབྲས་དངོས་སུ་བསྒྱུར་བར་འབད་པ་བྱས།

ཟླ་བཞི་བའི་ཚུན་ལ།  ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་སྔ་གཞུག་ཏུ་ཐིན་ཏང་ཙུའུ་ཡི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་དང་ཐིན་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅིའི་གསོ་སྦྱོང་།    ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་ཀྲི་པུའུ་དང་ཏང་གི་བྱ་བའི་ལས་བྱེད་པའི་ཆེད་དོན་གསོ་སྦྱོང་།   ཞིང་ཆེན་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སྒྲོག་འགྲེལ་ཚོགས་འདུ་བསྡུ་བ་སོགས་བྱས་ཏེ།   ཏང་ཡོན་ལས་བྱེད་ཉེན་རྟོག་པ་དང་བཅའ་ཁྲིམས་ཞབས་ཞུའི་བྱ་བ་སྒྲུབ་མཁན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ལ་སློབ་སྦྱོང་དང་ངོས་འཛིན་བྱེད་པར་ཁྲིད་སྟོན་བྱས་ནས་མཛུབ་སྟོན་རང་བཞིན་དང་དམིགས་སའི་རང་བཞིན།   དངོས་ཕན་རང་བཞིན་བཅས་ཇེ་དྲག་ཏུ་བཏང་སྟེ་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོ་རུ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།

སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པ་དང་ཞིབ་བཤེར་དང་ལེགས་བཅོས་མཉམ་བསྲེས་བྱེད་རྒྱུ་ནི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་གནད་འགག་ཡིན།   ཟླ་བཞི་བའི་ཚེས་གསུམ་ཉིན་ནས་ཚེས་བཅུ་བཞི་ཉིན་བར།    ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དཔེ་སྟོན་གསར་སྐྲུན་གྱི་ཕྱོགས་གསུམ་པའི་གདེང་འཇོག་བྱ་བ་སྤེལ་མགོ་བརྩམས་ཏེ་དེའི་ཁྲོད་གནས་པའི་མི་འདང་ས་དང་ཞན་ས།  ལེགས་བཅོས་ཀྱི་བསམ་འཆར་དང་གྲོས་གཞི་བཅས་བཏོན་ནས་རྫོང་དང་ཆུའུ་ཡི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་།     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་མཚོ་སྔོན་དུ་ནུས་ལྡན་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད།   ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་རྨ་ཆུའི་བཞུར་རྒྱུད་སྲུང་སྐྱོབ་ཁྲིམས་སྲོལ་དང་སྒྲིག་ཡིག   སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དང་འབྲེལ་བ་ཡོད་པའི་ཆེད་དོན་གཙང་བཤེར་བྱ་བ་སྤེལ་ནས་བསྡོམས་པས་རྨ་ཆུའི་བཞུར་རྒྱུད་སྲུང་སྐྱོབ་ནང་དོན་དང་འབྲེལ་བ་ཡོད་པའི་ད་ལྟ་སྤྱོད་བཞིན་པའི་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅོ་བརྒྱད་དང་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་དགུ།   སྲིད་འཛིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བདུན་བཅས་གཙང་བཤེར་བྱས།

ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཁོངས་གཏོགས་ཀྱིས་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་བརྗོད་དོན་སློབ་གསོ་སྤེལ་བའི་བྱེ་བྲག་གི་འགུལ་སྐྱོད་དུ་བརྩིས་ཏེ་བརྗོད་དོན་སློབ་གསོ་དང་དངོས་ཡོད་བྱ་བ་གཉིས་ལ་མཉམ་དུ་སྐུལ་འདེད་བཏང་།  ཟླ་བཞི་བའི་ཟླ་མགོར།    ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ་ཁྲིམས་རྩོད་པའི་ལས་དོན་ཁང་ང་གཉིས་ཀྱིས་གྲུབ་པའི་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་ལ་རོགས་སྐྱོར་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་ཁྲིམས་རྩོད་ཞབས་ཞུ་ཚོགས་པ་བཙུགས་ཏེ་ཁེ་ལས་ལ་ཁ་གཏད་རོགས་སྐྱོར་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།   ཁེ་ལས་ལ་རོགས་བྱས་ཏེ་གཏུག་བཤེར་དང་འདུམ་གཅོད་གྱོད་གཞིའི་ཁྲོད་ཀྱི་རིགས་སོ་སོའི་བཅའ་ཁྲིམས་རྩོད་གཞི་ལེགས་སྒྲིག་བྱས་པར་མ་ཟད།   ཉེན་ཁ་བཙལ་ཏེ་ཐག་གཅོད་གྲོས་གཞི་བཏོན་ནས་ཁེ་ལས་བདེ་ཐང་འཕེལ་རྒྱས་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་བོ་བསྐྲུན།

སློབ་སྦྱོང་གི་དམིགས་ཡུལ་ནི་བེད་སྤྱོད་བྱེད་རྒྱུ་དེ་ཡིན།   བརྗོད་དོན་སློབ་གསོ་དང་དངོས་ཡོད་བྱ་བ་གཉིས་མཉམ་དུ་སྤེལ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ལས་འགན་གཙོ་བོ་ཞེ་གཉིས་བཏོན་ཏེ་བརྗོད་དོན་སློབ་གསོ་དང་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་དང་ཉེན་རྟོག་པ་བཅོས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་ཆད་ལག་བསྟར།   སྤྱོད་ཚུལ་འཛུགས་སྐྲུན།   ཁྲིམས་ཁང་བྱ་བའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས་ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀར་ནོལ་འཛོལ་མི་འབྱུང་བ།  ཕྱོགས་གཉིས་ཀར་མཉམ་དུ་སྐུལ་འདེད་གཏོང་བ་མངོན་འགྱུར་བྱས།    ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་ཁང་གིས་གཞི་རིམ་མི་དམངས་འདུམ་འགྲིག་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་མི་དམངས་འདུམ་འགྲིག་པའི་ནུས་པའི་སྤུད་ཚད་མཐོར་འདེགས་གཏོང་བ།   འགལ་རྩོད་འདུམ་འགྲིག་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་འགལ་རྩོད་ཐག་གཅོད་ནུས་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།

ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ཏེ་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་བར་དམིགས་ནས།   བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱེད་པའི་བྱ་བའི་ཇུས་གཞི་པར་འགྲེམ་བྱས་པ་དང་།     བརྟག་དཔྱད་བྱ་གཞི་གཙོ་བོ་དགུ་ཞིབ་འཇུག་གཏན་འབེབས་བྱས་ལ།  ཐིན་ཏང་ཙུའུ་ཁོངས་མིས་སྣེ་ཁྲིད་པའི་བརྟག་དཔྱད་ཞིབ་འཇུག་ཚན་ཆུང་བཙུགས་ནས་ཆུའུ་དང་རྫོང་གི་ཁྲིམས་འཛིན་ཅུའུ་དང་ཁྲིམས་ཁང་།   དུག་གཅོད་ཁང་སོགས་གཞི་རིམ་འཐབ་ཕྱོགས་དང་པོ་དང་མཚོ་འཕགས་མཐོ་བའི་ས་ཁུལ།   དཀའ་སྡུག་ཆེ་བའི་ས་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནད་དོན་འཚོལ་བ་དང་གནད་དོན་ཐག་བཅད་དེ་ནུས་ལྡན་བྱེད་ཐབས་དང་ཡུན་ཕན་ནང་རྐྱེན་སྐོར་ཞིག་གྲུབ་པར་བྱས།

                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།