སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞེས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཟི་ལིང་དུ་བསྡུས། 
2023.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོར།    ཚོང་དོན་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།    ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཞེས་པའི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཟི་ལིང་དུ་བསྡུས།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།  ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བརྗོན་དོན་གཏམ་བཤད་བྱས།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་འགྱུར་བར་བྱེད་དགོས་ཞེས་བཏོན་པ་དང་།   མཚོ་སྔོན་ལ་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་བསྩལ་བར་མ་ཟད།    ང་ཚོར་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛད་ཀྱི་སྲུང་སྐྱོབ་པ་བཟང་བོ་བྱས་ནས་ཐཱན་སྙོམས་སྦྱོར་བྱེད་པའི་ཐད་སྔོན་གྲལ་དུ་བསྐྱོད་དེ་སྔོ་ལྗང་གི་རི་ཆུ་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས་ཞེས་མངག་བཅོལ་གནང་བ་དེ་དག་གིས་ང་ཚོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད། མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་མཛོད་ཡིན་པའི་ཆ་ནས་  རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་དང་སྐྱེ་ཁམས་ཐོན་རྫས་ཕྱིར་གཏོང་མཁོ་སྤྲོད་ས་ཁུལ་གཙོ་བོ་ཡིན་པར་མ་ཟད།   འཛམ་གླིང་ཧྲིལ་བོའི་སྐྱེ་ཁམས་མ་ལག་གི་སྙོམ་སྒྲིག་གནས་དང་བརྟན་འཇགས་གནས་ཡིན་ཞིང་།   གྲང་མཐོའི་སྐྱེ་དངོས་ཀྱི་ཐོན་ཁུངས་མཛོད་ཀྱང་ཡིན།    ཉེ་བའི་ལོ་འགའི་རིང་ལ།   ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་པ་དང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་བྱེད་ནུས་ཀྱི་ཕྱོགས་ཡོངས་ལེགས་བཅོས་ལ་སྐུལ་འདེད་བཏང་བ་དང་།   རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་རྒྱུན་འཁྱོངས་བྱས་ཏེ་ལྗང་མངོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་གྲུབ་པར་སྐུལ་འདེད་བཏང་ལ།   རི་ཆུ་ནགས་ཞིང་དང་མཚེའུ།  རྩྭ་ས། བྱེ་མ། འཁྱགས་དར་བཅས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་བར་སྟོང་རྒྱ་བསྐྱེད་པར་སྐུལ་འདེད་བཏང་ཞིང་།   སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ཆེས་བཟང་བོའི་དམངས་ཚིས་ཕྱུག་འགྱུར་ཡིན་པ་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་མི་དམངས་ལ་ཕན་བདེ་བསྐྲུན་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འཕེལ་རྒྱས་གསར་པ་མངོན་འགྱུར་དང་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་ཐད་གྲུབ་འབྲས་གསར་པ་བླངས་པར་མ་ཟད།   སྐྱེ་ཁམས་ཁོར་ཡུག་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ་སོགས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་རྒྱུགས་ལན་གསར་པ་ཞིག་སྤྲད།   ང་ཚོས་ལས་རིགས་སོ་སོ་དང་ས་ཁུལ་སོ་སོའི་བར་དུ་སྐྱེ་ཁམས་ཁོར་ཡུག་དང་མཉམ་དུ་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཚན་རྩལ་གསར་སྐྲུན།   སྐྱེ་ཁམས་རིན་ཐང་མངོན་འགྱུར་བཅས་ཀྱི་ཐད་བརྗེ་རེས་བཟང་བོ་བྱས་ཏེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་པ་མཉམ་དུ་འབྲི་བར་རེ་བ་བྱེད་བཞིན་ཡོད།

ཚོང་དོན་པུའུ་ཡི་པུའུ་ཀྲང་།  འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པ་གཞོན་པ་ཟུར་པ་དབྱི་ཞའོ་ཀྲོན་དང་།   ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི།  སྐྱེ་ཁམས་ཁོར་ཡུག་པུའུ་ཁོར་ཡུག་འཆར་འགོད་གླིང་གི་ཡོན་ཀྲང་ཝང་ཅིན་ནན།   ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི།     ནན་ཅིན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧྲིན་ཆི་རོང་།   ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི།   ལན་ཀྲིག་སློབ་ཆེན་རྩྭ་ས་ཞིང་ལས་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ནན་ཀྲི་པེའོ།   ཨ་མེ་རི་ཁའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས་ཀྱི་མཐོ་རིམ་སྤྱི་འདོམས་པ་གཞོན་པ་མའོ་ལི་སི་ཧའོ་ཨར།   མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་སློབ་གཙོ་གཞོན་པ་མཱ་ཧུང་པའོ།    སྐྱེ་ཁམས་ཁོར་ཡུག་པུའུ་སྐྱེ་ཁམས་ཁོར་ཡུག་ཞིབ་རྩིས་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཡུས་ཧྥང་།    རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དང་མཐོ་སྒང་ཞིང་ཕྱུགས་ལས་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོའི་ཞིབ་འཇུག་པ་ཀྲའོ་ཞིན་ཆོན་སོགས་ཀྱིས་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་དང་ཁོར་ཡུག་གི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་དང་སྐྱེ་ཁམས་ཐོན་རྫས་ཐོན་ལས་བཞི་བ་ཤུགས་ཆེན་པོས་འཕེལ་རྒྱས་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་པ།   ནུབ་བྱང་གི་ཐལ་དྲགས་པའི་སྐྱེ་ཁམས་ཁོར་ཡུག་མ་ལག་སླར་གསོ་གཞུང་ལུགས་དང་ལག་རྩལ།   མཚོ་སྔོན་གྱི་རྩྭ་སའི་ཐོན་ཁུངས་དང་ཕྱུགས་ལས་འཕེལ་རྒྱས།   མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འཚོལ་ཞིབ་གསར་པར་སྐུལ་འདེད་གཏོང་བ།  གྲང་ངར་ཆེ་བའི་ས་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་ཐོན་སྐྱེད་བྱེད་ནུས་མཐོར་འདེགས་གཏོང་བའི་གཞུང་ལུགས་དང་ལག་ལེན་སོགས་ལ་དམིགས་ནས་བརྗོད་དོན་གཏམ་བཤད་བྱས་ཏེ།   མཚོ་སྔོན་གྱིས་སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་གཏོང་བ་དང་།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཐད་གྲུབ་འབྲས་མཉམ་སྤྱོད་དང་ཐུན་མོང་གི་ངོས་འཛིན་དང་རིག་སྟོབས་གཅིག་བསྡུས་བྱས།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཧྥིན་ཁྲུན་དང་།  ཧྲན་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲོའུ་ལི་ཝེ་གཉིས་གླེང་སྟེགས་ལ་ཞུགས།   ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧུང་གིས་མགོ་འཛིན་བྱས།

                                                                                     ལྷ་མོ་ཚེ་རིང་གིས་བསྒྱུར།