བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ལྟ་ཞིབ་བྱ་བར་ཤུགས་སྣོན་དང་བཅོས་སྒྱུར་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་མ་ལག་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་གཏོང་བའི་གནད་འགག་བྱེད་ཐབས་དང་། རང་འདེམ་བྱེད་ཐབས་སུ་བྱས་ནས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གཅིག་སྡུད་བྱས་ཏེ་བྱ་བའི་བྱེད་ཐབས་གསལ་བོར་བཏོན་ལ། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ལ་རོགས་འདེགས་བྱས་ནས་བརྗོད་དོན་སློབ་གསོར་གྲུབ་འབྲས་དང་ཕན་འབྲས་ཐོབ་པར་བྱས།
འཛུགས་སྐྲུན་ཁག་བཞི་གཅིག་སྡུད་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུས། ཏང་གི་ཆབ་སྲིད་འཛུགས་སྐྲུན་དེ་ནམ་ཡང་གཅིག་གྱུར་གོ་གནས་སུ་འཇོག་མིན་ལ་ལྟ་ཞིབ་དང་། སྲིད་ཁྲིམས་ལས་ཁུངས་ཀྱིས་ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་མེད་གཙོར་བཟུང་ནས་ལྟ་ཞིབ་རྒྱུས་ལོན་བྱས་ལ། ཆབ་སྲིད་ཀྱི་ལངས་གནས་མུ་མཐུད་མཐོ་རུ་གཏོང་བ་དང་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བརྗོད་དོན་སློབ་གསོར་སྐུལ་འདེད་ཆེན་པོ་བཏང་། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་འབྲེལ་བའི་བཀོད་སྒྲིག་གལ་ཆེན་དངོས་འབེབས་མཐའ་འཁྱོལ་བྱས་ཡོད་མེད་ལ་ལྟ་ཞིབ་བྱས་པ་དང་། གཅིག་ཅན་བཅུའི་བྱ་བའི་བླང་བྱ་དང་དམ་པོར་སྦྲེལ་ཏེ། དཔྱད་ཞིབ་དཔྱད་འཇོག་མ་ལག་དང་ལྟ་སྡུར་བྱས་ལ། ཆབ་སྲིད་ལྟ་ཞིབ་དང་བསྟུན་ནས་གནད་དོན་ཤེས་རྟོགས་དང་། མི་འདང་ས་ཁ་གསབ་དང་ཉམ་ཞན་ཤུགས་དྲག་ཏུ་བཏང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་གྱི་འགན་འཁྲི་ཁག་ཁུར་དམ་འཛིན་བྱས་ཡོད་མེད་ལ་ལྟ་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ཐད་གནས་པའི་འབུར་ཐོན་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས། སྲིད་ཁྲིམས་དཔུང་ཁག་འཛུགས་སྐྲུན་བྱེད་པ་དེས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་ནས་བླང་བྱ་ནན་མོ་འདོན་པ་རྒྱུན་འཁྱོངས་བྱས་ཡོད་མེད་ལ་ལྟ་ཞིབ་བྱས་ཏེ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་དག་ཐེར་སྤེལ་བ་སོགས་ཀྱི་འབྲེལ་ཡོད་བཀོད་སྒྲིག་བྱེད་པ་དང་། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་བཅོས་སྐྱོང་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་མོ་བྱས་ཏེ་ཉེན་རྟོག་པ་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། ཉེན་རྟོག་པར་གཟིགས་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་ཁག་དངོས་འབེབས་བྱེད་པ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་ལྟ་ཞིབ་བྱས།
འགན་འཁྲི་གསུམ་ནན་དཀྲི་བྱས་ཏེ་ཆབ་སྲིད་ལྟ་ཞིབ་བརྟན་པོའི་ངང་སྤེལ་བར་སྐུལ་འདེད་བཏང་། གཅིག་གྱུར་འཆར་འགོད་ཀྱི་འགན་འཁྲིའི་ཕྱོགས་ནས། རིམ་པ་འོག་མའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་རྩ་འཛུགས་ཀྱིས་ཆབ་སྲིད་ལྟ་ཞིབ་བྱ་བ་ལག་བསྟར་བྱེད་པའི་ལྟ་སྐུལ་བྱ་བར་ཤུགས་བསྣན་པ་དང་། བྱ་བའི་རྐྱེན་སྲོལ་མུ་མཐུད་ལེགས་བཅོས་བྱས་པ་དང་འཐུས་ཚང་དུ་བཏང་། རྩ་འཛུགས་ཀྱི་ལག་བསྟར་འགན་འཁྲིའི་ཕྱོགས་ནས། ཉིས་སྟོང་ཉེར་གསུམ་ལོའི་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་དང་། མཚོ་ནུབ་ཁུལ། ཡུས་ཧྲུའུ་ཁུལ་བཅས་ལ་ཆབ་སྲིད་ལྟ་ཞིབ་སྤེལ་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཐད་གཏོགས་སྲིད་ཁྲིམས་ཀྱིས་དུས་ལྟར་རྗེས་འདེད་ཐུབ་པར་སྣེ་ཁྲིད་བྱས། བཅོས་སྒྱུར་དངོས་འབེབས་ཀྱི་འགན་འཁྲིའི་ཕྱོགས་ནས། ཆབ་སྲིད་ལྟ་ཞིབ་ཁྲོད་གནད་དོན་ཤེས་རྟོགས་བྱེད་པའི་སྤུས་ཚད་ཇེ་མཐོར་གཏོང་བའི་དུས་མཉམ་དུ། མི་དང་དོན་དག གྱོད་གཞི་བཅས་ལ་དམ་པོར་དམིགས་ནས་འཕྲལ་དུ་བཅོས་སྐྱོང་དང་ཕུགས་སུ་འཛུགས་སྐྱོང་བྱེད་པར་གཅིག་གྱུར་བཀོད་འདོམས་བྱས།
ཞིབ་བཤེར་གཉིས་ཀྱི་བྱེད་ཐབས་ལེགས་པར་སྤྱད་དེ། ལྟ་སྐུལ་ཚོད་འཛིན་འགན་འཁྲི་དམ་འཛིན་བྱས། གྱོད་དོན་དཔྱད་ཞིབ་ཀྱི་ཆེད་ལས་རང་བཞིན་འབུར་དུ་ཐོན་པར་བྱས་ནས། གྱོད་དོན་དཔྱད་ཞིབ་ཁྲོད་ཤེས་རྟོགས་བྱུང་བ་དང་གནད་དོན་བཅོས་སྒྱུར་བྱ་རྒྱུ་དེ་ཆབ་སྲིད་ལྟ་ཞིབ་གྲུབ་འབྲས་ལ་ཚད་ལེན་བྱེད་པའི་གནད་འགག་གི་གོ་རིམ་ཞིག་ཏུ་བཞག་པ་དང་། སློབ་གསོའི་དག་ཐེར་ཁྲོད་ཀྱི་གྱོད་གཞིའི་དཔྱད་ཞིབ་ཉམས་མྱོང་ལ་དཔེ་ལྟ་གང་ལེགས་བྱས་ཏེ། ཆབ་སྲིད་ལྟ་ཞིབ་བྱེད་ཐེངས་རེར་གནས་སྲིད་པའི་གནད་དོན་གྱི་གྱོད་གཞིའི་གསལ་ཁྲ་གསལ་བོར་བཏོན། སྒྲིག་ཁྲིམས་བྱེད་ཕྱོགས་སྐོར་ཞིབ་ཀྱི་གནད་ཁེལ་རང་བཞིན་འབུར་དུ་ཐོན་པར་བྱས་ཏེ། སྒྲིག་ཁྲིམས་བྱེད་ཕྱོགས་ཞིབ་བཤེར་ལས་དོན་དེ་ཆབ་སྲིད་ལྟ་ཞིབ་ཀྱི་ནུས་ལྡན་བྱེད་ཐབས་སུ་བྱས་ནས། སྒྲིག་སྲོལ་གྱི་བཀག་རྒྱ་དམ་པོ་གནད་ཁེལ་ངང་ལག་བསྟར་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།