ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཆུ་བེད་ཐིན་གྱིས་བརྗོད་དོན་སློབ་གསོ་སྤེལ་བའི་ཁྲོད་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་བརྟན་པོར་བཙུགས་ནས་ལག་ལེན་དུ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ལེན་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བརྗོད་དོན་སློབ་གསོའི་གཞུང་ལུགས་སློབ་སྦྱོང་གི་ནང་དོན་གལ་ཆེན་དུ་བཞག་པ་དང་། ཐིན་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་བྱས་པ་བརྒྱུད། ཐུན་མོང་སློབ་སྦྱོང་དང་བརྗེ་རེས་བགྲོ་གླེང་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“ཕུའུ་ཅང་ཉམས་མྱོང”ཁྲོད་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་སོགས་ལ་གོ་བ་ཟབ་མོ་བླངས་ནས་ལག་ལེན་དུ་བསྟར་བར་སྐུལ་འདེད་བཏང་ལ། “ཕུའུ་ཅང་ཉམས་མྱོང”ལག་བསྟར་གཏིང་ཟབ་དང་རྒྱུན་འཛིན་དར་སྤེལ་བྱས།
ཞིང་ཆེན་ཆུ་བེད་ཐིན་ཏང་ཙུའུ་ཡིས་ཐོག་མཐའ་བར་གསུམ་དུ་མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། དམངས་ཚིས་རྣམ་གྲངས་ཐད་ཀྱི་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་། མིག་སྔའི་བར་དུ། ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྡོམ་པས་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔ་དངོས་འབེབས་བྱས་ཏེ། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ་སོགས་ཀྱི་ཆུ་བེད་བཟོ་བསྐྲུན་གལ་ཆེན་གསུམ་དང་། ཆུ་ཁུངས་བཟོ་བསྐྲུན་བརྒྱད། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་གི་རྣམ་གྲངས་བཅོ་ལྔ། ས་ཆུ་སྲུང་འཛིན་གྱི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་སོ་ལྔ། ཉེན་ཁ་ཆེ་བའི་ཆུ་མཛོད་དྲུག་ཉེན་ཡོལ་སྲ་བརྟན་དུ་གཏོང་བ། ཞིང་ཆུ་གཏོང་ཡུལ་མུ་མཐུད་འཛུགས་སྐྲུན་སྡེབ་སྒྲིག་དང་ཆུ་གྲོན་ཆུང་བཅོས་སྒྱུར་གྱི་རྣམ་གྲངས་བཞི་བཅས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་མང་ཚོགས་འབུམ་ལྔ་དང་ཁྲི་གཉིས་ལྷག་གི་འཐུང་ཆུའི་བདེ་འཇགས་ཆུ་ཚད་མཐོ་རུ་བཏང་བ་དང་། ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་གཅིག་སྟོང་གཉིས་བཅོས་སྒྱུར་བྱས། ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་ལྔ་བཅུའི་ཡན་དང་། ཆུ་བོ་འབྲིང་ཆུང་སྤྱི་ལེ་བརྒྱ་དང་བརྒྱད་ཅུའི་ཡན་བཅོས་སྐྱོང་བྱས་པ་མ་ཟད། ས་ཆ་སོ་སོར་ཁ་གསབ་རོགས་དངུལ་བྱིན་ཏེ་ཞིང་སྡེའི་ཆུ་འདོན་བཟོ་སྐྲུན་ལས་གཞི་དང་། ཞིང་ཆུ་འདྲེན་ཁུལ་གྱི་སྒྲིག་ཆས་འབྲིང་གྲས་སོགས་ཆུ་བེད་སྒྲིག་ཆས་ཞིག་གསོའི་རྣམ་གྲངས་སོགས་ཀྱི་ལས་གཞི་བརྒྱ་ལྷག་སྤེལ་བས། ཆུ་བེད་རྨང་གཞིའི་སྒྲིག་ཆས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་མཐོ་རུ་བཏང་བ་དང་། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ཐད་རོགས་ཤུགས་བཏོན།
རིག་འཛིན་སྒྲོལ་མས་བསྒྱུར།