ཞིང་ཆེན་ལུས་རྩལ་ཅུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཏང་ཡོན་ལས་བྱེད་པ་རང་འགུལ་ངང་གཞི་རིམ་དུ་བསྐྱོད་པ་དང་། གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག  ཞིབ་བཤེར་དག་ཐེར། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས། བཀོད་སྒྲིག་ཞིབ་མོ་དང་འཆར་འགོད་ནན་མོ། དམིགས་ས་གནད་འཁེལ་དང་སྐུལ་འདེད་ཏན་ཏིག་བཏང་། མཚོ་སྐོར་འགྲན་སྡུར་དང་། རྨ་ཆུ་འཕྲེད་གཅོད་ཚད་བརྒལ་འགྲན་སྡུར། རྒྱལ་སྤྱིའི་མདའ་འཕེན་འགྲན་སྡུར་སོགས་རྒྱལ་སྤྱིའི་འགྲན་སྡུར་ཆེ་གྲས་ཀྱི་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། རྒྱལ་སྤྱི་རང་བཞིན་གྱི་འགྲན་སྡུར་ལ་ཞུགས་པར་གྲ་སྒྲིག་བྱེད་པ་སོགས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། དུས་ཚོད་གཅིག་སྡུད་དང་མི་སྣ་གཅིག་སྡུད། ངར་ཤུགས་གཅིག་སྡུད་བཅས་བྱས་ཏེ། སློབ་སྦྱོང་གི་ནང་དོན་དང་། སློབ་སྦྱོང་དམིགས་འབེན། སློབ་སྦྱོང་རྣམ་པ་བཅས་ལ་ཁག་ཐེག་བྱས་ནས་ཡོངས་སུ་ཁེབས་པར་བྱས།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ལུས་རྩལ་ཅུའུ་ཡིས་མང་ཚོགས་ཀྱི་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ།  ལུས་རྩལ་ཐོན་ལས། ལུས་རྩལ་རྩ་འཛུགས། ལུས་རྩལ་བཅོས་སྒྱུར། ལུས་རྩལ་བཅོས་སྐྱོང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་ཀྱི་བྱ་བར་དམིགས་ཏེ། མང་ཚོགས་ཀྱི་ཉིན་རེར་འཕེལ་བཞིན་པའི་ལུས་རྩལ་ལུས་སྦྱོང་གི་དགོས་མཁོ་ཐག་གཅོད་དང་། རྩལ་འགྲན་ལུས་རྩལ་དང་མང་ཚོགས་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ནང་དོན་གཙོ་བོར་བཞག་ནས། དངོས་བཅར་ཆེན་མོ་དང་བརྟག་དཔྱད་ཆེན་མོ། འགག་སྒྲོལ་ཆེན་མོ་བཅས་ཀྱི་བྱ་བ་ནན་ཏན་སྒོས་སྤེལ། དམངས་ཡོངས་ཀྱི་ལུས་སྦྱོང་དར་སྤེལ་སྒྲིག་ཆས་འཛུགས་སྐྲུན་གྱི་ས་ཁུལ་དང་གྲོང་གསེབ་ཀྱི་བར་ཁྱད་ཆེ་བ་དང་དོ་མི་སྙོམས་པ། སྒྲིག་གཞིའི་རིགས་སྣ་ཉུང་བ། ནུས་པ་འདོན་ཤུགས་ཞན་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་དེ། རིམ་པ་མང་པོའི་ལུས་སྦྱོང་སྒྲིག་གཞིའི་དྲ་བ་དང་གྲོང་ཁྱེར་གཞིས་ཁུལ་དུ་སྐར་མ་བཅོ་ལྔའི་ལུས་སྦྱོང་ཚོགས་པ་འཛུགས་པའི་སྟེང་རྒྱུན་ཆད་མེད་པར་ཤུགས་བཏོན། མིག་སྔའི་བར་དུ་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ཡུལ་འཛུགས་སྐྲུན་བྱེད་པར་མ་དངུལ་སྒོར་བྱེ་བ་གཉིས་ས་ཡ་བརྒྱད་དང་འབུམ་གཉིས་བཏང་བ་དང་། དེ་གྲོང་ཁྱེར་དང་ཁུལ། རྫོང་། གྲོང་རྡལ་དང་ཡུལ་ཚོའི་གཞུང་ལམ་འཛུགས་སྐྲུན་དང་། ལུས་རྩལ་སྤྱི་གླིང་། ལུས་སྦྱོང་བགྲོད་ལམ། བྱེད་ནུས་མང་པོའི་ལུས་སྦྱོང་ར་བ། དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་བཅས་རྒྱ་བསྐྱེད་པ་སོགས་ཀྱི་རྣམ་གྲངས་བཞི་བཅུ་ལྷག་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་སྤྱོད་བྱས།

དུས་མཉམ་དུ། རྩལ་འགྲན་ལུས་རྩལ་རྣམ་གྲངས་ཀྱི་བཀོད་པ་མུ་མཐུད་ལེགས་སྒྲིག་བྱས་ཏེ། འདུར་རྒྱུགས་དང་། རྒྱང་རྒྱུགས་སོགས་ཀྱི་དགེ་མཚན་ལྡན་པའི་རྣམ་གྲངས་ཤུགས་དྲག་ཏུ་བཏང་བ་དང་། འཇུ་རེས་དང་ལྕགས་རྟའི་འགྲན་སྡུར་སོགས་ཀྱི་དགེ་མཚན་སྔོན་འདོན་བྱས། མདའ་འཕེན་དང་། དྲག་རྩལ་སོགས་སྲོལ་རྒྱུན་ལས་གཞི་དར་སྤེལ་བཏང་བ་མ་ཟད། འཁྱག་ལྟིར་དང་། གངས་ཤུད་སོགས་དགུན་དུས་འགྲན་སྡུར་རྣམ་གྲངས་མཐོར་འདེགས་བཏང་། མི་དམངས་ཀྱི་དུས་ཆེན། ལུས་རྩལ་གྱི་རྒྱས་ཚོགས་ཞེས་པའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། 2022དང2023ལོའི་གཡུ་འབྲུག་ལྷ་རྩེར་འགོ་བའི་འགྲན་ཚོགས་དང་། རྨ་ཆུ་འཕྲེལ་གཅོད་ཚད་བརྒལ་འགྲན་སྡུར་སོགས་བདེ་ལེགས་ངང་སྤེལ་བ་དང་། མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟའི་འགྲན་སྡུར་སྐབས་ཉེར་གཉིས་པ་སྤེལ་བའི་གྲ་སྒྲིག་བྱ་བར་བརྟན་འཇགས་སྒོས་སྐུལ་འདེད་བཏང་།

                                                                                                      རིག་འཛིན་སྒྲོལ་མས་བསྒྱུར།