ཀྲེ་ཅང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ།
2023.07.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཀྲེ་ཅང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བ་དང་། དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་རྒྱུན་ཆད་མེད་པར་ཤུགས་བསྣན་པ། དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་བ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་མངོན་སུམ་ཇེ་དྲག་ཏུ་བཏང་།

ཀྲེ་ཅང་གིས་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ལོ་རྒྱུས་ལ་བརྟེན་ནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་འབད་པས་སྤེལ། ཉིས་སྟོང་གསུམ་ལོར། སྐབས་དེའི་ཀྲེ་ཅང་ཞིང་ཆེན་ཏང་ཨུའི་གྱི་ཧྲུའུ་ཅི་ཡི་འགན་བཞེས་པའི་བློ་མཐུན་ཞི་ཅིན་ཕིང་གིས་ཅིན་ཧྭ་ཕུའུ་ཅང་རྫོང་དུ་བཅར་འདྲི་བྱེད་དུ་ཡོང་མཁན་ལ་སྣེ་ལེན་ཞུ་བར་ཕྱིན་པར་མ་ཟད། དེའི་རྗེས་སུ་ཀུན་གྱི་སྣེ་ཁྲིད་དེ་ལོ་རེར་དམའ་རིམ་ལ་བཅར་འདྲིར་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་རིམ་པའི་མགོ་ཁྲིད་ལས་བྱེད་པས་དམའ་རིམ་ལ་བཅར་འདྲིར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལམ་སྲོལ་བཏོད། ཀྲེ་ཅང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་བརྒྱུད་རིམ་དངོས་ཀྱི་ཁྲོད་དུ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཕུའུ་ཅང་གཙང་པོར་ཡོང་དུ་བཅུག་ནས། ཡུལ་དངོས་ནས་དགོངས་པའི་སྟོབས་ཤུགས་ཆེན་པོ་ཚོར་བར་བྱས་པའི་དུས་མཚུངས་སུ། ཡིག་སྐུར་ངོ་བཅར་ལས་དོན་ལ་དངོས་བཅར་རྟོག་ཞིབ་བྱས། ཀྲེ་ཅང་ཞིང་ཆེན་གྱིས་མགོ་ཁྲིད་ལས་བྱེད་པ་དམའ་རིམ་ལ་བཅར་འདྲི་ཡོང་མཁན་ལ་སྣེ་ལེན་བྱེད་པའི་ལམ་སྲོལ་སྔར་ལས་ཚད་ལྡན་དུ་བཏང་སྟེ། ལས་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་བྱས་ནས། མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས།

སྡེ་བ་སྟོང་དཔེ་སྟོན་དུ་འཛིན་པ་དང་སྡེ་བ་ཁྲི་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་ཕྱག་ལས་གནང་བའི་རིང་ལ། སྐུ་ངོ་མས་ཇུས་འགོད་དང་སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། ཇི་ལྟར་བྱས་ནས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་རྣམ་པ་ཆེན་མོའི་འོག་ཏུ། བཟོ་སྐྲུན་ཆེན་པོ་འདི་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་ཀྲེ་ཅང་གིས་ཞིང་ཆེན་གྱི་མགོ་ཁྲིད་རེ་རེས་རི་ཁུལ་དུ་དངོས་སྡོད་ཞིབ་འཇུག་བྱས་ནས་ཞིང་ཁྱིམ་གྱི་ཡོང་འབབ་འཕར་སྣོན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་ཞབས་ཞུ་གཞི་གཅིག་ཅན་སོགས་ཀྱི་གནད་དོན་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན། ཞིང་ལས་དང་གྲོང་གསེབ་ཐིན་གྱིས་ད་དུང་བརྟག་དཔྱད་ཞིབ་འཇུག་གི་ཞབས་ཞུ་རུ་ཁག་སོ་དྲུག་འཐབ་ཕྱོགས་དང་པོར་མངགས་ནས། དམངས་ཀྱི་འདོད་བློ་འདྲི་བ་དང་དཀའ་གནད་སེལ་རོགས་བྱས།

བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཏང་ཡོན་ལས་བྱེད་པའི་ལས་ཀ་བཟང་བོར་བསྒྲུབ་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས། མིག་སྔར་ཀྲེ་ཅང་ཞིང་ཆེན་ཡོངས་ཀྱིས་བཅར་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། གཞི་ནས་སློབ་གསོའི་རོགས་སྐྱོར་དང་སྨན་བཅོས་འཕྲོད་བསྟེན། རྒན་གསོའི་དཀའ་ངལ་སེལ་རོགས་སོགས་དམངས་འཚོའི་ལས་གཞི་སྟོང་གཅིག་དང་ཉིས་བརྒྱ་ཉེར་གཉིས་དངོས་སུ་གསེད་བཀྲོལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་གིས་གསལ་ཐོ་བཟོས་ནས་གང་མགྱོགས་ངང་ཞིབ་འཇུག་ཐག་གཅོད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།