བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། སྲིད་གྲོས་ཀྱི་རྟོག་ཞིབ་བྱེད་མཁས་པ་དང་རྟོག་ཞིབ་ལ་བརྩོན་པའི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་བོ་འདོན་སྤེལ་གང་ལེགས་བྱས་པ་དང་། བརྗོད་དོན་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག་གཉིས་ཟུང་འབྲེལ་བྱས་པར་མ་ཟད། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་བསམ་བློ་ཆབ་སྲིད་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་སྟེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་ལ་རོགས་འདེགས་བྱེད་པར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ།
ད་ལོའི་ཟླ་བཞི་བ་ནས་བཟུང་། ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཆེད་མཁས་པ་ཁ་ཤས་རྩ་འཛུགས་བྱས་ཏེ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ཞིང་སྡེ། གཞིས་ཁུལ། ཁེ་ལས། སློབ་གྲྭ། སློབ་གསོའི་དཔེ་སྟོན་རྟེན་གཞི་སོགས་སུ་ཟབ་ཞུགས་བྱས་ནས་རང་ཞིང་གིས་མི་རིགས་སོ་སོས་བརྗེ་རེས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་གནས་པའི་གནད་དོན་ལ་དམིགས་ཏེ་བཞུགས་མོལ་བརྗེ་རེས་བྱས་པ་དང་། རིམ་པ་མི་འདྲ་བ་དང་ཟུར་ངོས་མི་འདྲ་བ་ནས་ས་ཁུལ་སོ་སོར་གྲུབ་པའི་སྔོན་ཐོན་ཉམས་མྱོང་དང་དཔེ་མཚོན་བྱེད་ཐབས། དེ་མིན་གནས་པའི་དཀའ་གནད་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས།
ཞིང་ཆེན་སྲིད་གྲོས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་དུ་བརྩིས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་གཏིང་ཟབ་ཏུ་སྤེལ་རྒྱུ་གཙོ་བོར་བཟུང་སྟེ་རང་རྟོགས་སྒོས་སྲིད་གྲོས་བྱ་བ་དེ་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། མི་རིགས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་གྱི་ཐུན་མིན་དགེ་མཚན་ལ་བརྟེན་ནས་རྟོག་ཞིབ་ལྟ་ཞིབ་དང་ཆེད་དོན་གྲོས་མོལ་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལག་ལེན་བྱེད་ཐབས་འཚོལ་ཞིབ་ནན་མོ་བྱས་པ་དང་། ཕན་འབྲས་མངོན་གསལ་ཡོད་པའི་རྨང་གཞི་རང་བཞིན་གྱི་བྱ་བ་མང་པོ་སྒྲུབ་སྟེ་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པར་སྲིད་གྲོས་ཀྱི་བྱེད་ནུས་འདོན་སྤེལ་བཟང་བོ་བྱས།
ཞིང་ཆེན་སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་འགན་ཁུར་མི་སྣས་བསྟན་དོན།རྟོག་ཞིབ་ཚན་ཆུང་གིས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་བའི་དཔེ་མཚོན་ཉམས་མྱོང་སྤྱི་སྡོམ་བྱེད་པའི་ཞོར་དུ། མིག་སྔར་གྱི་གནད་དོན་དང་དཀའ་གནད་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་། མི་རིགས་སོ་སོས་བརྗེ་རེས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ཞིབ་འཇུག་བྱེད་པ། སྔར་ལས་མང་བ་དང་སྔར་ལས་བཟང་བོའི་བྱེད་ཐབས་འཚོལ་བ། གྲོས་མོལ་སྲིད་གླེང་བྱེད་པ་བརྒྱུད་དེ་དམིགས་སའི་རང་བཞིན་ཡོད་པའི་གྲོས་གཞི་འདོན་པ་བཅས་བྱས་ཏེ་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔར་ལས་བཟང་བོར་སྤེལ་བར་སྲིད་གྲོས་ཀྱི་བློ་གྲོས་འབུལ་རྒྱུ་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།