ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ།
2023.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 57

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་སློང་རྩ་འཛུགས་བྱེད་པ་དང་དུས་མཉམ་དུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བརྗོད་དོན་སློབ་གསོ་ནན་ཏན་སྒོས་དམ་འཛིན་དང་། བསླབས་ནས་བཀོལ་སྤྱོད་དང་། བསླབས་ནས་ལས་སྒྲུབ་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ། གཏན་འབེབས་བྱ་བ་ནན་མོར་སྒྲུབ་པ་དང་། ཁྱད་ལྡན་གསར་གཏོད་ལ་ཕན་འབྲས་མངོན་པར་ནུས་ཤུགས་བཏོན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་རྗེས། དུས་ལྟར་པུའུ་ལས་དོན་ཚོགས་འདུའི་གྲོས་ཚོགས་བསྡུས་ཏེ། པུའུ་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་དང་། བརྗོད་དོན་སློབ་གསོའི་སྤྱིའི་བཀོད་སྒྲིག་རེའུ་མིག་གཏན་འབེབས་བྱས་ཏེ། བྱ་བའི་ལས་འགན་གཙོ་བོ་ཁག་ཞེ་བརྒྱད་གྲུབ་པར་བྱས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་དོན་ཚོགས་འདུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྒྲུབ་པ་དང་། འབྲེལ་ཡོད་བརྗོད་དོན་དང་འབྲེལ་ནས་ཆེད་དོན་ཞིབ་སྡུར་ཐེངས་བཞི་ལ་སྤེལ།

ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་པུའུ་ཀྲང་གྲོས་ཚོགས་ཀྱི་ལས་འགན་གཙོ་བོའི་བཀོད་སྒྲིག་ལ་དམིགས་ཏེ། ལས་ཚན་ཉེར་དགུ་གཏན་ཁེལ་དང་། ལས་དོན་ཚོགས་འདུའི་ཁོངས་མིས་སྣེ་ཁྲིད་པའི་རྟོག་ཞིབ་ཚན་ཆུང་དགུ་གྲུབ་པར་བྱས་ནས་ཆེད་དོན་རྟོག་ཞིབ་བྱས། འགན་ཁུར་བློ་མཐུན་གཙོ་བོས་སྔ་གཞུག་ཏུ་གྲོང་ཁྱེར་དང་ཁུལ་བདུན་དང་། རྫོང་ཁག་བཅུ་གཉིས། ཞིང་ཆེན་ཐད་གཏོགས་ལས་ཁུངས་དྲུག་བཅས་སུ་རྟོག་ཞིབ་བྱས་པ་དང་། དེའི་ཁྲོད་གྲོང་རྡལ་གསུམ་དང་སྡེ་བ་བཞི་ལ་ལྐོགས་ཏུ་རྟོག་ཞིབ་དང་། ཆ་རྐྱེན་ཞན་ས་དང་། དཀའ་ཁག་འགལ་ཟླ་མང་བའི་ལས་ཁུངས་དང་ས་ཁུལ་དུ་གནས་ཚུལ་ངོ་མ་རྟོགས་པར་བྱས་ནས་དཀའ་གནད་སེལ་རོགས་བྱས། པུའུ་ཡི་ཏང་ཀྲི་པུའུ་སོ་སོས་ཆ་རྐྱེན་ཞན་ལ་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་གྲོང་རྡལ་དང་འབྲེལ་གཏུག་བྱེད་པའི་བྱ་འགུལ་སྤེལ་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ས་ཁུལ་དུ་ཆ་སྙོམས་མཚོ་འཕགས་སྨི་བཞི་སྟོང་ཡན་གྱི་མཐའ་འཁོབ་གྲོང་གསེབ་ཉེར་ལྔ་རུ་བསྐྱོད་ནས། ལས་བྱེད་པ་དང་། རྩ་འཛུགས། འཇོན་མི། གཞུང་ཞབས་པ། དཔྱད་ཞིབ་སོགས་ཀྱི་ཕྱོགས་ནས་མཚོ་འཕགས་མཐོ་བའི་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་བསམ་ཕྱོགས་དང་། ཐབས་ལམ་འདོན་སྤྲོད་བྱས།

དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་དུ་སྤེལ་ཏེ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་གི་ལག་བསྟར་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་ནས། དག་ཐེར་གྱི་ལས་འགན་གཙོ་བོ་ཁག་ཞེ་བརྒྱད་ཞིབ་པར་བཀོད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་དང་། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་བྱེད་པའི་འགོག་རྐྱེན་དང་། གསལ་ཁྲ་ཅན་གྱི་འགོག་སྡོམ་བྱེད་ཐབས་གཏན་འབེབས་བྱེད་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་མཉམ་དུ། སློབ་སྲོལ་ལྟ་ཞིབ་དང་ཆེད་དོན་རྟོག་ཞིབ་ཟུང་སྦྲེལ་གྱི་བྱེད་ཐབས་སྤྱད་ནས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཐད་ཀྱི་འབུར་ཐོན་གནད་དོན་གྱི་ཆེད་དམིགས་བཅོས་སྐྱོང་བྱ་བ་སྤེལ།

ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་ཞིབ་མཛུབ་སྟོན་ཚན་ཁག་དང་པོ་གདན་ཞུ་བྱས་ནས་པུའུ་དང་ལས་ཁུངས་ཀྱི་བརྗོད་དོན་སློབ་གསོའི་འབྲེལ་ཡོད་གྲོས་ཚོགས་གལ་ཆེན་དང་བྱ་འགུལ། པུའུ་ལས་དོན་ཚོགས་འདུར་མཛུབ་སྟོན་བྱེད་པའི་སློབ་སྦྱོང་ཞིབ་སྡུར་ལ་ཟུར་ཞུགས་བྱས། ལས་ཁུངས་ཏང་ཨུ་དང་། ལས་ཁུངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཙོ་བྱས་པའི་ལྟ་སྐུལ་ཚན་ཆུང་བཙུགས་ཏེ། པུའུ་ཡི་མགོ་ཁྲིད་བར་རང་འགུལ་གླེང་མོལ་བྱེད་པ་དང་། ཏང་ཀྲི་པུའུ་དང་ཁྲུའུ་སོ་སོར་རྟོག་ཞིབ་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། པུའུ་ལས་དོན་ཚོགས་འདུའི་ཁོངས་མི་དང་ཀྲི་པུའུ་སོ་སོས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས།

                                                                                                     རིག་འཛིན་སྒྲོལ་མས་བསྒྱུར།