ཟླ་བདུན་པའི་ཚེས་ཉི་ཤུ་ཉིན། རྒྱལ་ཡོངས་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གིས་མ་ལག་དང་ལྡན་པའི་སྒོ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སློབ་གཙོ་གཞོན་པ་ཀུང་ཝེ་པིན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་སློབ་གཙོ་ཀྲའོ་ཡུའེ་ཞཱ་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིང་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གཅིག་བཅས་ཀྱི་ཏང་ཨུའི་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་གི་ཆེད་མཁས་པ་དང་མཁས་དབང་བཅས་ཀྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་པ། དེ་བཞིན་དུས་རབས་གསར་པའི་ལོ་བཅུའི་སྐྱེ་ཁམས་དཔལ་ཡོན་གྱི་འཕོ་འགྱུར་རླབས་ཆེན་སོགས་དཀྱིལ་སྙིང་དུ་བཟུང་ནས་གཏན་བཤད་བྱས།
ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་འདི་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་སྤྱི་ཚོགས་དང་སྐྱེ་ཁམས་དཔལ་ཡོན་སློབ་དཔྱོད་པུའུ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚོ་སྔོན་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་གཙོ་སྒྲུབ་བྱས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དང་རྒྱལ་ཡོངས་ཏང་གི་སློབ་གྲྭའི་སྲིད་འཛིན་སློབ་གླིང་། མཐོ་རིམ་སློབ་ཆེན་ཁག་བཅས་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང་བརྒྱ་དང་སུམ་ཅུ་ཙམ་ཐེངས་འདིའི་བགྲོ་གླེང་ཁྲོད་ཞུགས།
བན་དེ་སྐྱབས་ཀྱིས་བསྒྱུར།