ཟླ་བདུན་པའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་རང་ཉིད་དག་གཙང་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་མཐོར་འདེགས་བཅས་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་འཁྱོངས་བྱས་ནས། ལྟ་བཤེར་དག་ཐེར་བཅོས་སྒྱུར་དང་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དང་རང་ཉིད་ལ་ལྟ་བཤེར་བྱས་པ་བརྒྱུད་ནས། མིག་སྔའི་གཞི་རིམ་ན་ཡོངས་ཁྱབ་ཀྱིས་གནས་པའི་སྲིད་ཇུས་དངོས་འབེབ་བྱས་པ་གནད་འཁེལ་མིན་པ་དང་། བྱ་བའི་གོ་རིམ་ཚད་ལྡན་མིན་པ། ཞབས་ཞུའི་འགན་སྲུང་གི་ནུས་པའི་ཆུ་ཚད་ཞན་པ་སོགས་ཀྱི་གནད་དོན་རྩིས་ལེན་གསལ་བོ་བྱས།
གཞི་རིམ་གྱི་འཐབ་ས་དང་པོའི་རྟོག་ཞིབ་ཀྱི་མཇུག་འབྲས་ལྟར་ན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱི་སྒྲིག་ལུགས་དེ་མཚོ་སྔོན་ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་བྱ་བའི་སྲིད་ཇུས་དངོས་འབེབ་མཛུབ་སྟོན་དང་། མཚོ་སྔོན་ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུའི་བྱ་བའི་མཛུབ་སྟོན་གྱིས་གྲུབ་ཡོད་ལ། མིག་སྔར་སྲིད་ཇུས་ལམ་ལུགས་སོ་གསུམ་དང་ཞབས་ཞུའི་འགན་སྲུང་རྣམ་གྲངས་བཅུ་བཞི་བཅས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བསེལ་བཀྲོལ་བྱས་པ་དང་། དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་སྲིད་ཇུས་ཕོགས་དངུལ་རེའུ་མིག་དང་ཞིབ་ཕྲའི་བྱ་བའི་དངོས་འབེབ་མཛུབ་སྟོན་རྣམ་པ་གྲུབ་པར་བྱས་ནས། ཞབས་ཞུའི་ཁ་གཏད་མི་འདྲ་བའི་སྲིད་ཇུས་ཕོགས་དངུལ་རིགས་དབྱེ་གསལ་བོར་བྱས་ཤིང་། འགན་སྲུང་གྲོན་དངུལ་གྱི་ཡོང་ཁུངས་དང་། བགོ་བྱའི་ཚད་གཞི་སོགས་གཏན་འབེབ་བྱས་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཡུལ་ཚོ་བཅས་རིམ་པ་བཞིའི་སྲིད་ཇུས་དངོས་འབེབ་ཀྱི་ཞིབ་ཕྲའི་འགན་ནུས་དང་ཞབས་ཞུའི་ནང་དོན། ཞབས་ཞུའི་གོ་རིམ། རྒྱུ་ཆའི་རྩིས་ཐོ། ཞབས་ཞུའི་རེ་བ་བཅས་རིམ་པ་བཞིན་གསལ་བོར་བཟོས་ལ། བྱ་བའི་ལས་རིམ་རེ་རེ་གཏན་འབེབ་བྱས་ནས། གཞི་རིམ་སྲིད་ཇུས་དངོས་འབེབ་ཀྱི་མི་འདང་ས་དག་ལ་ཕན་ཡོད་མཛུབ་སྟོན་དང་ཚད་ལྡན་དུ་བཏང་།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།