ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་ཞིབ་དཔྱོད་ཁང་གིས་བསླབ་ནས་ལས་ལ་སྐུལ་བ་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་ལ། འོག་རིམ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་ཤུགས་ཚད་རྒྱུན་མཐུད་ངང་ཇེ་ཆེར་བཏང་བ་དང་། ཉེ་སྔོན་སྒོ་བྱང་བཀལ་ནས་ལྟ་སྒྲུབ་བྱེད་བཞིན་པའི་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་དྲག་པོ་བཟོས་པའི་ཉེས་དོན་གྱོད་གཞི་གསུམ་ལ་ཕྱོགས་ལྔའི་ཐད་ནས་རེ་བ་བཏོན་ནས། ཁྲིམས་ལྟར་ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས།
ཞིང་ཆེན་ཞིབ་དཔྱོད་ཁང་གིས་གྱོད་གཞི་བྱུང་སའི་གྲོང་ཁྱེར་དང་ཁུལ་གྱི་ཞིབ་དཔྱོད་ཁང་གིས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་འགན་འཁྲི་ཕྲག་ཏུ་ལེན་པ། གཙོ་འགན་ཞིབ་དཔྱོད་དཔོན་པོས་སྔོན་དུ་བཀོད་འདོམས་བྱེད་པ། གྲོང་ཁྱེར་དང་ཁུལ་གྱི་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཆེད་ལས་ཅན་གྱི་གྱོད་སྒྲུབ་དཔུང་སྡེའི་ནུས་པ་འདོན་སྤེལ་བྱེད་པ། ཆེད་དོན་ཚན་ཁག་བཙུགས་ནས་གཅིག་བསྡུས་མཁྲེགས་གཏོར་བྱེད་པ། གྱོད་གཞི་འགན་སྒྲུབ་ཁང་གིས་གྱོད་གཞིའི་དོན་དངོས་འགག་སྒོ་དང་བདེན་དཔང་གི་འགག་སྒོ ངེས་གཏན་འགག་སྒོ བཅའ་ཁྲིམས་འོས་མཐུན་འགག་སྒོ་དང་ཡིག་ཆའི་སྤུས་ཀའི་འགག་སྒོ་བཅས་བརྟན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཞིང་ཆེན་ཞིབ་དཔྱོད་ཁང་གིས་གཅིག་གྱུར་སྒོས་གྱོད་གཞི་སྒྲུབ་པའི་འགག་སྒོ་སྲུང་བ་དང་། དུས་བཀག་ལྟར་ཞིང་ཆེན་རིམ་པའི་ནར་མ་སོན་པའི་མིའི་ཞིབ་དཔྱོད་ཆེད་ལས་ཅན་གྱི་གྱོད་སྒྲུབ་དཔུང་སྡེའི་ཁོངས་མི་རྩ་འཛུགས་བྱས་ནས་གྱོད་གཞིའི་དཀའ་གནད་ཐད་ནས་གཅིག་བསྡུས་སྒོས་ཞིབ་འཇུག་དང་བརྡར་གཅོད་བྱས་པར་མ་ཟད། ཁ་གཏད་རང་བཞིན་ལྡན་པའི་མཛུབ་སྟོན་འདོན་སྤྲོད་བྱས། ཁྲིམས་ལྟར་གྱོད་གཞི་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། མྱུར་དུ་ཞིབ་བཤེར་འཛིན་བཟུང་དང་ཞིབ་བཤེར་ཞུ་གཏུག་བྱས་ལ། ཉེས་འཇལ་ནན་མོ་བྱེད་པའི་བསམ་འཆར་བཏོན། ནར་མ་སོན་པའི་མིའི་ཉེས་དོན་གཏུག་བཤེར་ཐད་ཀྱི་དམིགས་བསལ་བརྒྱུད་རིམ་དང་དམིགས་བསམ་ལམ་ལུགས་ལག་བསྟར་བྱས་པར་མ་ཟད། དུས་ཐོག་ཏུ་བཙན་སྐུལ་གྱིས་ཁྱིམ་བདག་ལ་སློབ་གསོ་གཏོང་བ་དང་བསླབ་འདོམས་བྱེད་པ་སོགས་ཀྱི་བྱ་བ་སྤེལ།
ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཕྱོགས་གཉིས་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ས་ཚིགས་གཅིག་རང་བཞིན་གྱི་གྱོད་སྒྲུབ་ཡུལ་གནས་བཀོལ་སྤྱོད་བཟང་བོ་བྱས་ལ། དམངས་སྲིད་དང་སློབ་གསོ། བུད་མེད་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་ཚོགས་པ་སོགས་སྡེ་ཁག་དང་ནར་མ་སོན་པའི་མིའི་སྲུང་སྐྱོབ་རྩ་འཛུགས་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ནས། གནོད་འཚེ་ཐེབས་པའི་ནར་མ་སོན་པའི་མིའི་སེམས་གསོ་དང་ཁྲིམས་འཛིན་རོགས་སྐྱོར་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས། དེ་དང་མཉམ་དུ། ནར་མ་སོན་པའི་དོགས་ཡོད་ཉེས་ཅན་དང་ནར་མ་སོན་པའི་ཞུ་སྦྱོར་ཕྱི་མའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་པ་དང་། གློད་སྡོམ་མཉམ་སྤྱོད་བྱས། ཕྱོགས་བསྡུས་འགན་སྒྲུབ་ལ་དོ་སྣང་བྱས་པ་དང་། ནར་མ་སོན་པའི་མིའི་དམངས་དོན་དང་སྲིད་འཛིན། སྤྱི་ཕན་ཞུ་གཏུག་གི་ཞིབ་དཔྱོད་བྱ་བ་གཞི་གཅིག་ཏུ་སྤེལ་ལ། ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་སོགས་ཀྱི་འགན་ནུས་ཕྱོགས་བསྡུས་སྒོས་བཀོལ་སྤྱོད་བྱས་ནས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱས་པ་དང་། ཕྱོགས་བསྡུས་འགན་སྒྲུབ་བརྒྱུད་དེ་གཏུག་བཤེར་འགོ་ཁུངས་ཀྱི་བཅོས་སྐྱོང་མངོན་འགྱུར་བྱས།
རིན་ཆེན་མཚོས་བསྒྱུར།