ཟླ་བརྒྱད་པའི་ཚེས་དགུ་ཉིན། གསར་འགོད་པས་ཞིང་ཆེན་སྤྱིའི་བཟོ་ཚོགས་ལས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་རྒྱུ་ནི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས། དྲོད་ཚད་མཐོ་བའི་སྐབས་སུ་ལས་ཀ་ལས་པར་སྲུང་སྐྱོབ་བྱེད་པ་དམ་དུ་བཟུང་ནས། ཟླ་བདུན་པ་ནས་འགོ་བཟུང་སྟེ། རུ་ཁག་དྲུག་རྩ་འཛུགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་བཟོ་སྐྲུན་ལས་གཞི་གལ་ཆེན་དག་གི་ཡུལ་དངོས་སུ་སོང་ནས། དྲོད་ཚད་མཐོ་བའི་སྐབས་སུ་ལས་ཀ་ལས་པའི་ཁེ་ལས་ཀྱི་འཐབ་ས་དང་པོ་རུ་འཁྱགས་བསིལ་སྐྱེལ་བའི་འཚམས་འདྲིའི་བྱ་འགུལ་སྤེལ་ཞིང་། བརྗོད་དོན་སློབ་གསོ་དེ་ངེས་དོན་གྱིས་ལས་བཟོ་པའི་སེམས་གཏིང་དུ་སིམ་པར་བྱས།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དྲོད་ཚད་མཐོ་བའི་སྐབས་སུ་ལས་ཀ་ལས་པར་སྲུང་སྐྱོབ་བྱེད་པའི་བྱ་བར་མཐོང་ཆེན་བྱས་ཏེ། འཆར་འགོད་ཞིབ་མོ་བྱས་པ་བརྒྱུད་ནས། དུས་ལྟར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་བྱས་ཏེ། གཞི་རིམ་དང་ཁེ་ལས་སོགས་སུ་ཟབ་ཞུགས་བྱས་ནས། དྲོད་ཚད་མཐོ་བའི་སྐབས་སུ་ལས་ལ་བརྩོན་བཞིན་པའི་ལས་བཟོ་བ་དག་ལ་འཚམས་འདྲི་བྱས་པ་དང་། གཟབ་ནན་གྱིས་ལས་བཟོ་བའི་འབོད་སྐུལ་ལ་ཉན་ཞིང་། རང་འགུལ་གྱིས་ལས་བཟོ་བའི་རེ་ཞུ་ལ་སེམས་ཁུར་བྱས་པ་དང་། དཀའ་ངལ་ཐག་གིས་གཅོད་རོགས་བྱས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་དེའི་ཁྲོད་ཞུགས་པར་སྐུལ་འདེད་བཏང་བ་དང་། སྒོར་འབུམ་བཞི་དང་ཁྲི་དགུ་སྟོང་ལྔ་ཡིས་ཚ་གདུག་སེལ་བའི་ཡོ་ཆས་མངགས་ཉོ་བྱས།
དུས་མཉམ་དུ། ཚ་སེལ་དྲོད་འགོག་གི་སློབ་གསོ་དང་ཟབ་སྦྱོང་སྤེལ་ཏེ། ཚ་བ་འགོག་པ་དང་ཚ་གདུག་ཕོག་ཚེ་མྱུར་སྐྱོབ་བྱེད་པའི་འཕྲོད་བསྟེན་ཤེས་བྱ་ཁྱབ་སྒྲོག་བྱས། བཟོ་ཚོགས་ཀྱི་དྲིལ་སྒྲོག་གཡུལ་ས་དང་། རླུང་བརྙན་འཕྲིན། ཚགས་པར། དྲ་རྒྱ་བཅས་ཀྱི་སྨྱན་བྱད་བརྒྱུད་ནས། དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་སྲིད་ཇུས་དྲིལ་སྒྲོག་བྱས་ནས། ལས་བཟོ་བ་དག་གི་རང་སྲུང་གི་འདུ་ཤེས་ཇེ་མཐོ་རུ་བཏང་བར་མ་ཟད། ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་ཚ་དྲོད་ཆེ་བའི་སྐབས་སུ་ལས་བཟོ་བ་དག་གི་བདེ་འཇགས་བདེ་ཐང་ལ་སེམས་ཁུར་བྱེད་པའི་ལམ་སྣ་ཁྲིད་དེ། སྤྱི་ཚོགས་ཡོངས་ཀྱིས་ལས་བཟོ་བ་དག་གི་བདེ་ཐང་ལ་དོ་ཁུར་བྱེད་པའི་མཁའ་དབུགས་ལེགས་པོ་ཞིག་ཆགས་སུ་བཅུག
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།