མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒན་གསོའི་ཞབས་ཞུའི་མ་ལག་གི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ། སྤྱི་ཚོགས་ཕན་བདེའི་མ་ལག་འཛུགས་སྐྲུན་གྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བྱས། ཟླ8ཚེས10ཉིན། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཧུར་ཐག་བཏོད་པ་དང་། དམངས་སྲིད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཞན་སར་དམིགས་ནས་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་རྨང་གཞིའི་རང་བཞིན་དང་མཐའ་སྐྱོང་རང་བཞིན། ཡོངས་ཕན་རང་བཞིན་བཅས་ཀྱི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་། སྤྱི་ཚོགས་ཀྱི་ཕན་བདེའི་ཞབས་ཞུའི་མ་ལག་རྣམ་གྲངས་82གསར་སྐྲུན་དང་རྒྱ་བསྐྱེད་འཛུགས་སྐྲུན་བྱས་ལ། སྤྱི་པའི་ཞབས་ཞུའི་མཁོ་སྤྲོད་ནུས་ལྡན་བྱེད་རྒྱ་སྔར་ལས་ཆེ་རུ་བཏང་ནས་དམངས་འཚོའི་འགན་སྲུང་གི་དྲ་རྒྱ་དམ་ཚགས་སུ་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་དགོས་མཁོ་གཞིར་བཟུང་སྟེ་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་བརྒྱད་ཁྲི་བརྒྱད་བཏང་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སོགས་གྲོང་ཁྱེར་དང་ཁུལ་དྲུག་གི་མུ་འབྲེལ་ཅན་དང་ཚད་ལྡན་ཅན་གྱི་གཞིས་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་སྐྲུན་རྣམ་གྲངས་12ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ནུས་ཤོར་རྒན་རྒོན་ཚོར་གཟུགས་པོ་འཁྲུ་རོགས་དང་ཟ་འཐུང་། སྨན་བཅོས་རོགས་སྐྱོབ་སོགས་ལྟ་སྐྱོང་ཞབས་ཞུ་མཁོ་འདོན་བྱ་རྒྱུར་སྐུལ་འདེད་བཏང་། ནུས་ཤོར་དང་རིག་སྟོབས་ཉམས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་མཐའ་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བཏང་སྟེ་ཟི་ལིང་གྲོང་ཁྱེར་དུ་གཞུང་བཙུགས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་1བཙུགས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་གཞིས་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཐུས་ཚང་དུ་བཏང་ལ། གཞུང་བཙུགས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་ནད་སྐྱོང་ནུས་པ་དང་མེ་འགོག་བདེ་འཇགས་མཐོ་རུ་བཏང་། ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ་མ་དངུལ་སྒོར་བྱེ་བ་གསུམ་དང་འབུམ་བདུན་ཁྲི་གསུམ་བཏང་ནས་ད་ཡོད་ཀྱི་སྒྲིག་གཞིའི་སྒྲིག་ཆས་སྤྱད་དེ་རྒན་གསོ་ཞབས་ཞུའི་སྒྲིག་གཞིའི་སྤུས་ཚད་མཐོར་འདེགས་གཏོང་བའི་རྣམ་གྲངས་9ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཞོར་གཏོགས་སྒྲིག་ཆས་འགན་ལེན་དང་མེ་འགོག་ནུས་པ་ཆེ་རུ་བཏང་།

བྱིས་པའི་ཕན་བདེའི་ཞབས་ཞུ་དང་ནར་མ་སོན་པའི་མིར་རོགས་སྐྱོབ་དང་སྲུང་སྐྱོབ་བྱེད་པ། སྤྲང་འཁྱམས་རོགས་སྐྱོབ་ཞབས་ཞུ། གཞི་རྩའི་པུར་འཇུག་ཞབས་ཞུའི་འགན་ལེན་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུར་དམིགས་ཏེ་མ་དངུལ་སྒོར་ས་ཡ་བཞི་དང་ཁྲི་ལྔ་བཏང་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱིས་པའི་ཕན་བདེའི་སྒྲིག་གཞི་གསར་སྐྲུན་དང་ནུས་པ་མཐོར་འདེགས་གཏོང་བའི་རྣམ་གྲངས་2ལག་བསྟར་བྱས་པ་དང་། གཅིག་སྡུད་ཐོག་ཐོན་ཁུངས་བཀོད་སྒྲིག་བྱས་ཏེ་གཅིག་སྡུད་གསོ་སྐྱོང་གི་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་། མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་བདུན་བཏང་ནས་ཁུལ་དྲུག་ཏུ་ནར་མ་སོན་པའི་མིའི་རོགས་སྐྱོབ་དང་སྲུང་སྐྱོང་རྣམ་གྲངས་12ལག་བསྟར་བྱས་ཏེ་དཀའ་ངལ་ཡོད་པའི་བྱིས་པ་དང་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་སོགས་ལ་གནས་སྐབས་ཀྱི་ལྟ་སྐྱོང་དང་ཁྱིམ་ཚང་གི་ཞབས་ཞུ་འདོན་སྤྲོད་བྱས། མ་དངུལ་སྒོར་ས་ཡ་དྲུག་དང་འབུམ་བདུན་ཁྲི་ལྔ་བཏང་ནས་ཡུའུ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྤྲང་འཁྱམ་རིགས་ལ་རོགས་སྐྱོབ་དང་དོ་དམ་བྱེད་པའི་ས་ཚིགས་རྣམ་གྲངས་2ལག་བསྟར་བྱས་ནས་སྤྲང་འཁྱམ་རིགས་ལ་སེམས་ཁུར་དང་རོགས་སྐྱོབ། འཕྲལ་བསྟུན་རོགས་སྐྱོབ་བྱེད་པའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་། མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་བཞི་ཁྲི་བཞི་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་པུར་འཇུག་སྒྲིག་བཀོད་ཀྱི་ཞབས་ཞུའི་རྣམ་གྲངས14གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ནས་ཞིང་ཆེན་ཡོངས་ཀྱི་པུར་འཇུག་ཞབས་ཞུའི་ནུས་པ་ཆེ་རུ་བཏང་།

ཤ་བོ་གསེར་མཚོས་བསྒྱུར།